བོད་ཀྱི་བང་ཆེན་གྱི་མི་ལོ་ཉི་ཤུ།

ཆེད་བརྗོད།

ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡༨ ཉིན་བོད་ཀྱི་བང་ཆེན་གསར་ཤོག་ཐོག་མ་འདོན་འགྲེམས་བྱས་ནས་ད་བར་མི་ལོ་ཧྲིལ་པོ་༢༠ འདས་ཟིན་པ་རེད། སྤྱིའི་ཆ་ནས་མི་ལོ་༢༠ ནི་དུས་ཡུན་རིང་པོ་ཞིག་གཏན་ནས་མིན་ཡང་། བཙན་བྱོལ་བོད་གཞུང་དང་སྒེར་གྱི་ཚོགས་པ་ཆེ་ཁག་སུ་གང་གིས་མཐུན་འགྱུར་མེད་པར་མི་སྒེར་ངོས་ནས་འབད་བརྩོན་དང་དཀའ་ངལ་གང་མང་ཞིག་ལ་གདོང་ལེན་གྱིས་བོད་ཀྱི་བང་ཆེན་གསར་ཤོག་མི་ལོ་༢༠ ཧྲིལ་པོར་རྒྱུན་མཐུད་ཐུབ་པའི་ཆ་ནས་བཤད་ན་དུས་ཡུན་ཐུང་ཐུང་ཞིག་ཀྱང་གཏན་ནས་མིན། ད་བར་མི་ལོ་ཉི་ཤུའི་དུས་ཡུན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འགྱུར་ལྡོག་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་པས། བོད་ཀྱི་བང་ཆེན་གྱི་ངོས་ནས་དུས་ཡུན་དེའི་ནང་བོད་ཀྱི་བང་ཆེན་གསར་ཁང་དུ་ལས་བྱེད་དང་ལས་ཟུར་མི་གྲངས་ལྔ་བཅུ་ལ་ཉེ་བ་ཞིག་གིས་སྔ་ཕྱིར་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་བསྒྲུབས་ཡོད། ལས་དོན་གང་ཡིན་ཡང་ཐོག་མ་འགོ་འཛུགས་རྒྱུ་ཅུང་ལས་སླ་ཡང་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ལ་མི་རྒྱུ་གཉིས་ཐད་ནས་དཀའ་ངལ་ཡོད་པ་དེ་སྨྲོས་མ་དགོས་པ་རེད། 

ལས་དོན་གྲུབ་འབྲས་ཀྱི་ཐོག་ནས་བཤད་ན་མང་གཙོའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ནི་མེད་ཐབས་མེད་པའི་མང་གཙོའི་ཀ་བ་བཞི་པ་དེ་ཡིན་པ་དང་། བོད་ཀྱི་བང་ཆེན་གསར་ཁང་གི་ངོས་ནས་སྤྱི་ཚོགས་དང་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་རྣམས་ཀྱི་སྐྱོན་དང་ཡོན་ཏན་གྱི་གནས་ཚུལ་རྣམས་འཛེམས་ཟོན་མེད་པར་ཐད་ཀར་བརྗོད་ཡོད་པ་ནི། མང་གཙོའི་ལམ་དུ་བསྐྱོད་བཞིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཞབས་འདེགས་རླབས་ཆེན་ཞིག་ཏུ་གྱུར་ཡོད་པའི་གདེང་སྤོབས་ཡོད། དེ་བཞིན་ད་བར་བོད་ཀྱི་བང་ཆེན་དུ་སྔ་ཕྱིར་ལས་བྱེད་གྲངས་༥༠ ཙམ་གྱིས་སྔ་ཕྱིར་ལས་ཀ་བྱས་པའི་བརྒྱུད་རིམ་ནང་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་ཐུབ་པ་ཙམ་དུ་མ་ཟད། རང་ངོས་ནས་ཀྱང་ཤེས་ཡོན་ཡར་རྒྱས་དང་ལས་དོན་ལ་ཉམས་མྱོང་མང་པོ་བསགས་ནས་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་མི་སྣ་གང་མང་བྱུང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ལས་འཕར་དང་། དྲུང་གཞོན་གྱི་འགན་ཁུར་མཁན་དང་། སྤྱི་འཐུས་སུ་འོས་འདེམས་བྱུང་བའང་མང་པོ་བྱུང་ཡོད།

བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡོད་ཅིང་སྤྱི་ཚོགས་ལ་དོ་སྣང་ཡོད་པའི་ན་གཞོན་ལས་དང་པོ་པ་མང་པོ་ཞིག་གི་རྩོམ་ཡིག་གི་དག་ཆ་དང་། ཚིག་སྦྱོར་བཅོས་སྒྲིག་བྱས་ནས་བོད་ཀྱི་བང་ཆེན་གསར་ཤོག་ཏུ་རྩོམ་ཡིག་ཡང་ཡང་སྤེལ་བར་བརྟེན། རྩོམ་པ་པོ་གང་མང་ཞིག་ཀྱང་འཚར་ལོང་བྱུང་ཡོད་པ་ནི་ཕྱོགས་གང་ནས་བསམ་ཡང་ལས་དོན་གྱི་ནང་ནས་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། གསར་འགྱུར་དང་རྩོམ་ཡིག་ཁག་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་གསལ་རྟོགས་ཐུབ་པར་ཕན་འབྲས་གང་མང་ཞིག་སོན་ཡོད་པ་དང་། ད་བར་གནས་ཐུབ་པ་འདི་ཡང་འགན་ཁུར་མཁན་རེ་ཟུང་དང་། ལས་ཀ་བྱེད་མཁན་རེ་ཟུང་ཙམ་ལ་བརྟེན་ནས་མ་ཡིན་པར་སྤྱི་ཚོགས་ཀྱི་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད་པས། མི་ལོ་༢༠ རིང་གི་གྲུབ་འབྲས་ལ་ཕྱོགས་འདི་དག་ནས་བསམ་བློ་བཏང་ནའང་། ཕྱིར་དྲན་བྱེད་འོས་པ་ཞིག་དང་མ་འོངས་པར་ངེས་པར་དུ་ལས་དོན་ཡར་རྒྱས་དང་མདུན་བསྐྱོད་བྱེད་དགོས་པའི་ལས་དོན་ཞིག་ཏུ་གྱུར་ཡོད་པ་ར་སྤྲོད་བྱུང་ཡོད།

དཀའ་ངལ་གྱི་ཆ་ནས་བཤད་ན་ལས་དོན་སྤྱི་དང་གཙོ་བོ་ལས་བྱེད་རྣམ་པའི་ཟླ་ཕོགས་སོགས་འགྲོ་གྲོན་ཚང་མ་སྒེར་ངོས་ནས་རོགས་རམ་ཐབས་འཚོལ་དང་། དཔལ་འབྱོར་འདུ་འགོད་དུས་ནས་དུས་སུ་བྱེད་དགོས་པ་སོགས་ནི་གཡོལ་ཐབས་མེད་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ལས་དོན་གྱི་ཐོག་ནས་བཤད་ན་ལས་བྱེད་སུ་ཡིན་ཡང་དང་པོ་ལས་ཀར་ཞུགས་པའི་སྐབས་ནས་ཉམས་མྱོང་ཡོད་མཁན་ཧ་ཅང་དཀོན་པ་དང་། ལས་དོན་ལ་རྒྱུས་མངའ་དང་ཉམས་མྱོང་ཡག་པོ་ཆགས་ཡོང་བའི་སྐབས་སུ་དགོངས་པ་ཞུ་དགོས་ཐུག་མཁན་གང་མང་ཡོད་པ་ནི། བོད་ཀྱི་བང་ཆེན་གསར་ཁང་གཅིག་པུ་མ་ཡིན་པར་གཞུང་སྒེར་སྒྲིག་འཛུགས་ཚང་མའི་དཀའ་ངལ་ཆེན་པོ་ཡིན་པ་བཞིན། འདི་ག་གསར་ཁང་ལའང་དཀའ་ངལ་དེ་བར་མ་ཆད་དུ་ཡོང་བཞིན་ཡོད་པ་ནི། སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་དང་འཚོ་གནས་ལ་འགན་ལེན་ཆ་ཚང་མེད་པའི་སྤྱི་ཚོགས་འདིར་མ་འོངས་པར་ཡང་མུ་མཐུད་འབྱུང་རྒྱུ་ཉག་གཅིག་ལས་བཅོས་ཐབས་ཡོད་པའི་གནས་བབས་ཤིག་གཏན་ནས་མ་རེད་བསམ་ཡོད།

མདོར་ན་བོད་ཀྱི་བང་ཆེན་གསར་ཤོག་ནི། ༡༽  བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་རྒྱུད་འཛིན་དར་སྤེལ། ༢༽  བོད་དོན་བདེན་མཐའ་གསལ་ཐབས། ༣༽ འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང༌། མང་གཙོ། ཁོར་ཡུག་སོགས་ཀྱི་གོ་རྟོགས་གོང་མཐོར་སྤེལ་ཐབས་སུ་སྲི་ཞུ་ཞབས་འདེགས་ནུས་ཚོད་དང་བསྟུན་ནས་བསྒྲུབ་རྒྱུ་བཅས་ལ་དམིགས་ནས་བཙུགས་པ་ཞིག་ཡིན་ལ། ད་བར་དམིགས་ཡུལ་འདིའི་ཆེད་དུ་འབད་བརྩོན་བྱས་ཡོད། མ་འོངས་པར་ཡང་དམིགས་ཡུལ་འདིའི་ཆེད་འབད་བརྩོན་བྱ་རྒྱུ་ནི་ཐོག་མའི་དམིགས་ཡུལ་ཡིན་པས་མདུན་བསྐྱོད་བྱེད་ངེས་ཡིན། འདས་པའི་མི་ལོ་༢༠ རིང་བོད་ཀྱི་བང་ཆེན་གསར་ཤོག་ལ་དོ་སྣང་ཆེན་པོས་ལྟ་ཀློག་གནང་མཁན་མང་པོ་ཞིག་བྱུང་ཡོད་པ་དང་། ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ཅིག་དང་། ལྷག་པར་བཙན་བྱོལ་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གིས་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་མེད་ན་ལས་དོན་འདི་རྒྱུན་མཐུད་ཐུབ་ཐབས་གཏན་ནས་མེད་པས་དེ་དག་ཐམས་ཅད་ལ་གསར་ཁང་དང་ལས་བྱེད་ལས་ཟུར་ཚང་མའི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།།