བོད་ཀྱི་བདག་པོ་བོད་མི་ཡིན།

ཆེད་བརྗོད།

བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་པ་འདི་ཉིད་བོད་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་འབོད་ཚིག་ཅིག་ཡིན་ལ། རྒྱ་ཆེའི་མི་མང་གིས་འབོད་ཚིག་འདི་ཉིད་ཡོངས་གྲགས་ཀྱི་ཐོག་ནས་ཐོག་མ་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བསྒྲགས་པ་ཞིག་ཡིན་པས། མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་དང་བརྗེ་བའི་འབོད་ཚིག་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་དེ་ནས་བཟུང་མི་ལོ་༦༠ ལྷག་གི་རིང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་དང་འབྲེལ་བའི་འབོད་ཚིག་གལ་ཆེན་འདི་ཉིད་རྒྱུན་ལྡན་དང་ཡོངས་གྲགས་ཅན་དུ་གྱུར་ཡོད་ཅིང་། མ་འོངས་ཡང་འབོད་ཚིག་འདི་ཉིད་རྒྱུན་རིང་ཙམ་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། གནད་འགག་ག་འདྲ་ཞིག་ལ་ཐུག་ཀྱང་བཙན་བྱོལ་བོད་མི་རྣམས་ཀྱིས་བསམ་བློའི་ཁ་ཕྱོགས་འདི་ཉིད་རྩ་དོན་དུ་འཛིན་ཐུབ་དགོས་པ་ལས། འགྱུར་བ་མང་པོ་བཏང་བས་ཕན་ཐོགས་སྣ་གཅིག་མེད་པ་མ་ཟད། ཕྱི་ལོ་༡༩༧༩ ཙམ་ནས་བཟུང་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་རིམ་པས་འགྱུར་བ་སྣ་ཚོགས་ཤིག་བཏང་ཡང་ད་བར་མི་ལོ་༤༠ ལྷག་གི་རིང་དོན་དངོས་སུ་གྲུབ་འབྲས་དམིགས་བསལ་གང་ཡང་ཐོན་མེད།

ད་ཆ་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ནི་རྩ་མེད་གཏོང་རྒྱུ་ཁོ་ན་ཡིན་པ་དང་། རྒྱལ་སྤྱིའི་ཁོར་ཡུག་གི་ཐོག་ནས་ཀྱང་བོད་དོན་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་མང་བ་ལས། རྒྱ་གཞུང་དང་མཉམ་གནས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཞིག་ཕལ་ཆེར་དཀོན་ཚོད་དུ་སྣང་། དེའི་རྒྱུ་མཚན་ཡང་གསལ་པོ་བརྗོད་མི་དགོས་པར། འདས་པའི་མི་ལོ་ཁ་ཤས་སྔོན་ནས་རྒྱ་དམར་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་སྡུག་ཏུ་སོང་ཡོད་པ་མ་ཟད། ལོ་སྔོན་མ་ནས་བཟུང་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་ལ་བརྟེན་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་མི་རྒྱུ་གཉིས་ལ་གོད་ཆག་ཚད་ལས་བརྒལ་བ་ཞིག་བཟོས་ཡོད་པས། རྒྱ་གཞུང་ལ་འཁོན་འཛིན་ཧ་ཅང་ཆེ་བའི་བསམ་ཚུལ་འདི་གཞུང་དམངས་གཉིས་ཀའི་ནང་སླེབས་ཡོད། གོ་སྐབས་འདི་བརྒྱུད་ནས་ཤར་ཏུར་ཀི་སི་ཐན་དང་། ཧོང་ཀོང་གི་གནད་དོན་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་སོང་ཡོད་ཀྱང་། བོད་ཀྱི་གནད་དོན་ལ་དམིགས་བསལ་གཞན་དང་མི་འདྲ་བའི་དོ་སྣང་བྱེད་མཁན་དེ་ཙམ་བྱུང་མེད།

དེའི་རྒྱུ་མཚན་ཡང་གཙོ་བོ་ཡང་བོད་པའི་ངོས་ནས་རྒྱ་ནག་དམར་ཤོག་གི་འོག་ཏུ་སྡོད་འཆར་ཡོད་པ་ལས། རྒྱ་གཞུང་དང་ཁ་བྲལ་རྩོད་ཀྱི་མེད་ཅེས་ཡང་ཡང་བརྗོད་བཞིན་པ་དང་། རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཁ་ཤས་ཀྱི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་པ་མ་ཟད། དེ་ལུགས་ཡིག་ཐོག་ནས་གནང་ཆོག་ཅེས་བརྗོད་ཀྱང་། བོད་པའི་སྐུ་ཚབ་ཀྱི་ངོས་ནས་ང་ཚོ་ལ་དབུ་མའི་ལམ་དགོས་པ་ལས། རང་བཙན་མི་དགོས་ཞེས་བརྗོད་ནས་ཡིག་ཐོག་རྒྱབ་སྐྱོར་གྱི་ཡི་གེ་མ་བླངས་པའི་ལོ་རྒྱུས་ཀྱང་བྱུང་ཡོད་པ་བཞིན། བོད་པའི་རྣམ་འགྱུར་དེ་ཕྱི་གསལ་ནང་གསལ་ཡིན་པས། རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་རྣམ་འགྱུར་འདི་ལྟ་བུ་མཐོང་ཡོང་དུས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་དེ་སྟོན་ཤེས་ཐབས་མེད་པར་གྱུར་ཡོད། ལྷག་པར་དུ་གནས་ཡུལ་རྒྱ་གར་གཞུང་གི་དཔོན་རིགས་ཕལ་ཆེ་བར་མཚོན་ནའང་། ད་ལྟའི་ཆར་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པ་ལས། བོད་རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུར་རྒྱབ་སྐྱོར་གནང་འདོད་མེད་པའི་རྣམ་འགྱུར་གསལ་པོར་གྱུར་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ནས་ལས་དོན་སྲ་ཐག་ཐག་ཅིག་བྱེད་ཐུབ་ན། ཨ་རིའི་གཞུང་ནས་ཀྱང་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་རེ་བ་ཡོད་པ་དེ་ཨ་རིའི་གྲོས་ཚོགས་དང་། སྲིད་འཛིན་གསར་རྙིང་གཉིས་ཀའི་རྣམ་འགྱུར་ལས་མཐོང་ཐུབ་པ་ཞིག་རེད། དཔེར་ན་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་དང་མཉམ་དུ་ཐག་གཅོད་བྱས་པའི་སྲིད་བྱུས་ཤིག་ཡིན་ནའང་། ད་ལྟའི་ཆར་ཐའེ་ཝན་གཞུང་གིས་ཐའེ་ཝན་རྒྱ་ནག་གི་འོག་ཏུ་སྡོད་འཆར་མེད་པའི་རྣམ་འགྱུར་གསལ་པོ་ཡོད་པར་བརྟེན། ཨ་རིས་ཐའེ་ཝན་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་སོང་ཡོད་པ་དང་། རྒྱ་གཞུང་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་པའི་དབང་དུ་བཏང་ན། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དེ་གསལ་པོར་གྱུར་འདུག། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་བརྟན་པོ་ཞིག་འཛིན་ཐུབ་ན་ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་དུ་བོད་དོན་ལ་གོ་སྐབས་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་དོན་འཐབ་རྩོད་ལ་གྲུབ་འབྲས་ག་ཚོད་ཙམ་ཐོན་ཐུབ་མིན་ནི། གཙོ་བོ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཡོད་མེད་ཁོ་ནར་རག་ལས་པ་ཞིག་མིན་ལ། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་མིན་ཡང་བོད་པའི་ངོས་ནས་དམིགས་ཡུལ་དང་ལངས་ཕྱོགས་བརྟན་པོ་ཡོད་མེད་ལ་རག་ལས་པ་ཞིག་རེད། མདུན་བསྐྱོད་བྱེད་མཁན་ལ་སེམས་ཤུགས་དང་དམིགས་ཡུལ་གང་ཡང་མེད་ན། རྒྱབ་ནས་སྐྱོར་མཁན་གྱིས་འབུད་རྒྱག་ཁོ་ན་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་མི་ཐུབ་པས། བོད་དོན་བདེན་མཐའ་གསལ་བར་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་པ་དེ་གལ་ཆེན་པོ་ཡིན་པས། འདི་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཉག་ཅིག་ཏུ་གྱུར་ཡོད། བོད་དོན་བདེན་མཐའ་གསལ་བར་མེད་དུ་མི་རུང་བའི་འབོད་ཚིག་ཅིག་ཡོད་པ་ནི། བོད་ཀྱི་བདག་པོ་བོད་མི་ཡིན་དགོས་པ་དང་། དེ་འབྲེལ་ཁ་ཕྱོགས་གསལ་པོ་ཞིག་འཛིན་ཐུབ་ན་སྔ་རྗེས་མ་གཏོགས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་རེ་བ་ཡོད་པ་ལས། གནད་དོན་འདི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས་དུས་ཐུང་ནང་ཐག་ཆོད་འགྲོ་བ་ཞིག་མིན་ངེས་རེད།།