བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་རྒྱ་གར་རུ་ཁག་ལ་ཐོབ་སོང་།
ཟླ་འདིའི་ཕྱི་ཚེས་༧ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པའི་འགྲན་སྡུར་མཐའ་མ་དེ་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༤ ནས་རྩེད་འགྲན་དེ་འགོ་འཛུགས་བྱས་པ་དང་། རྩེད་འགྲན་ནང་བོད་ཀྱི་བུད་མེད་ཀྱི་རུ་ཁག་གཉིས་དང་། རྒྱ་གར་གྱི་རུ་ཁག་གཉིས་མཉམ་ཞུགས་བྱས་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་མཐའ་མའི་རྩེད་འགྲན་ནང་རྒྱ་གར་གྱི་རུ་ཁག་གཉིས་སླེབས་ནས་ཇ་ལན་ཊ་ནས་ཡིན་པའི་ཨེ་ཆི་ཨེམ་ཝི་(HMV)མཐོ་སློབ་ཀྱི་རྩེད་འགྲན་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
རྩེད་འགྲན་གྱི་མཐའ་མའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་རྩེ་མཁན་དུ་འདེམས་སྒྲུག་བྱུང་བ་རྣམས་ལ་ཁ་བཏགས་བསྒྲོན་པ་དང་། རྩེད་འགྲན་གྱི་རུ་ཁག་རྣམས་དང་། གོ་སྒྲིག་པ་བཅས་དང་ལྷན་དུ་འདྲ་པར་བསྒྲོན་ཡོད་པ་རེད།
གསར་འགོད་པས་བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་རུ་ཁག་གི་རུ་དཔོན་གསལ་སྒྲོན་ལ་བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་ནང་འཛུལ་ཞུགས་བྱས་ནས་དུས་ཚོད་ག་ཚོད་སོང་ཡོད་མེད་དང་། ད་ལྟའི་གནས་སྟངས་ག་འདྲ་ཡོད་མེད་སྐོར་དྲིས་པར། མོས་ལན་དུ་འཛུལ་ཞུགས་བྱས་ནས་ལོ་༢ ལྷག་སོང་ཟིན་ཡོད་པ་དང་། ཡར་རྒྱས་གཏོང་དགོས་པའི་ཆ་ནི་རྩེད་འགྲན་བ་རྣམས་ལ་སྦྱོང་བརྡར་མང་དུ་སྤྲོད་དགོས་རྒྱུ་དེ་ཡིན་པ། བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་པ་རྣམས་ལ་རྩེད་མོ་གོ་སྒྲིག་མ་བྱས་གོང་གི་ཉིན་ཤས་ཀྱི་རིང་ལས་སྦྱོང་བརྡར་མང་པོ་ཐོབ་ཀྱི་མེད་སྟབས་རུ་ཁག་ཚགས་ཚུད་པོ་ཡོང་གི་མེད་པ། ད་ཐེངས་ཀྱི་རྒྱ་གར་གྱི་རྩེད་མོ་བ་རྣམས་ལ་མཚོན་ན་ཉིན་ལྟར་ཆུ་ཚོད་༤ ཡི་རིང་ལ་སྦྱོང་བརྡར་ཐོབ་ཀྱི་ཡོད་པ་དང་། གཞན་ཡང་བུད་མེད་ཀྱི་རྩེད་རིགས་རུ་ཁག་ཅིག་བདམས་ཟིན་དུས་དེར་སྦྱོང་བརྡར་ཡག་པོ་ཞིག་སྤྲད་ན་གཞན་དང་གཅིག་མཚུངས་ཡག་པོ་ཡོང་ཐུབ་སྐོར་བརྗོད་སོང་། དེ་བཞིན་མོ་རང་རྩེད་རིགས་ནང་ཞུགས་ནས་ད་བར་བུད་མེད་རྩེད་འགྲན་པ་སྤྱི་ཡོངས་ལ་ཡར་རྒྱས་ཀྱི་རྣམ་པ་མཐོང་གི་ཡོད་མེད་སྐོར་དྲིས་པར། མོས་ལན་དུ་སྔོན་མ་ཡིན་ན་འཛམ་གླིང་སྤྱི་ཡོངས་ནས་བུད་མེད་རྣམས་རྩེད་མོའི་ཐོག་ཡར་ལངས་ཐུབ་ཀྱི་མེད་ཀྱང་། ༢༠༠༠ ལོའི་སྔ་རྗེས་ཙམ་ནས་ཡར་རྒྱས་ཡག་པོ་སོང་ཡོད་པ་དང་། དེ་མཚུངས་བོད་ཀྱི་བུད་མེད་རྣམས་ཀྱང་སྔར་དང་བསྡུར་ན་ཡར་རྒྱས་ཡག་པོ་སོང་ཡོད་པ་དང་། མ་འོངས་པར་དེ་ལས་ལྷག་པ་ཡོང་རྒྱུའི་རེ་བ་ཡོད་སྐོར་བཅས་བརྗོད་བྱུང་།
དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེས་གསུང་པ་ལྟར་ན། ད་ཐེངས་ཀྱི་རྩེད་འགྲན་ནང་བོད་ཀྱི་བུད་མེད་༣༧ འཛུལ་ཞུགས་བྱས་ཡོད་པ་དང་། ད་ལྟའི་རྩེད་འགྲན་པ་རྣམས་ལས་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོ་མངོན་རྒྱུ་ཡོད་པ་མ་ཟད། སྔོན་མ་ཡིན་ན་སྤོ་ལོ་གང་འགྲོ་ན་ཚང་མ་དེ་ལ་རྒྱུག་རྒྱུ་ལས་ས་ཆ་འཛིན་ཤེས་ཀྱི་མེད་ཁར། རྡོག་རྒྱག་གཞུས་པ་ལས་གཞན་རྩེད་སྟངས་དེ་ཙམ་ཤེས་ཀྱི་མེད་ཀྱང་། ད་ཆ་ཡར་རྒྱས་ཤུགས་ཆེན་པོ་སོང་ཡོད་པ། དེ་བཞིན་ཕྱི་ལོ་༢༠༡༢ ལོར་སློབ་གྲྭ་ཁག་༩ ནང་བུད་མེད་རྐང་སྤོལ་རུ་ཁག་(club)རེ་གསར་དུ་བཙུགས་ནས། རུ་ཁག་རེེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཧིན་སྒོར་༡༢༠༠༠ རེ་སྤྲད་ཀྱི་ཡོད་ཀྱང་། ད་ལོ་ཡར་རྒྱས་ཕྱིན་ནས་རྒྱ་གར་དང་བལ་ཡུལ་གཉིས་ནས་སློབ་གྲྭ་ཁག་འདྲ་མིན་ནང་རྐང་སྤོལ་རྩེད་འགྲན་རུ་ཁག་༡༥ ཡོད་པ་རེད། དེ་བཞིན་རྩེད་འགྲན་གོ་སྒྲིག་བྱེད་པའི་དམིགས་ཡུལ་ནི་བུད་མེད་ཀྱི་ནུས་ཤུགས་སྤེལ་དང་། བུད་མེད་རྣམས་ལ་རྩེད་མོའི་གོ་སྐབས་ཐོབ་རྒྱུ་བཅས་ཡིན་འདུག་ལ། ༢༠༡༨ ལོའི་ཕྱི་ཟླ་༦ པའི་ནང་བུད་མེད་ཀྱི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་བྱ་ཐུབ་ཐབས་དང་། གལ་ཏེ་དེ་མ་བྱུང་ན་མུ་མཐུད་ནས་ད་ལྟའི་རྩེད་འགྲན་དེ་བྱ་རྒྱུ་ཡིན་སྐོར་བཅས་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།