བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང་<<མེ་ཏོག་དང་རྨི་ལམ།>>ལ་ཕུལ་བྱུང་གི་བྱ་དགའ་ཐོབ་འདུག

དབྱིན་ཇིའི་པེན་རྩོམ་པ་པོ་མཐུན་ཚོགས་(English PEN) ཀྱིས་འདི་ལོའི་ཕུལ་བྱུང་བྱ་དགའ་ཐོབ་པའི་འགྱུར་དེབ་༡༢ གསལ་བསྒྲགས་བྱས་པའི་ནང་དུ། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང་<<མེ་ཏོག་དང་རྨི་ལམ།>>ཞེས་པ་དབྱིན་འགྱུར་ཚུད་འདུག 

ཐེངས་འདིའི་དབྱིན་ཇིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པའི་འགྱུར་དེབ་རྣམས་རྒྱལ་ཁབ་མི་འདྲ་བ་༡༡ (བོད་རྒྱ་ནག་གི་ཁོངས་སུ་བཅུག་འདུག)གི་སྐད་ཡིག་མི་འདྲ་བ་ ༡༡ ཐོག་ནས་དབྱིན་ཡིག་ཏུ་བསྒྱུར་བ་རེད་འདུག་པ་དང་། དེ་དག་གི་ཁྲོད་དུ་བརྩམས་སྒྲུང་དང་། མི་སྒེར་གྱི་ལོ་རྒྱུས། ངག་རྒྱུན་ལོ་རྒྱུས། པར་རིས་ལྡན་པའི་བྱིས་པའི་རྩོམ་རིག་སོགས་འདུས་འདུག ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་གི་ཁྲོད་དུ་དབུས་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱིས་བརྩམས་ཤིང་ལོ་ཙཱ་བ་ཁུ་རི་སི-ཕི་ཁོག་ཁི་(Chris Peacock)ཡིས་བསྒྱུར་བའི་སྒྲུང་རིང་ཞིག་ཚུད་འདུག་ཅིང་། དེ་ནི་དབྱིན་ཡུལ་ནས་བོད་ཀྱི་བུད་མེད་རྩོམ་པ་པོ་ཞིག་གི་སྒྲུང་རིང་པར་སྐྲུན་བྱས་ཏེ་ཕུལ་བྱུང་བྱ་དགའ་ཐོབ་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག 

ད་ལོའི་ཕུལ་བྱུང་བྱ་དགའ་ཐོབ་པའི་འགྱུར་དེབ་ ༡༢ དང་འབྲེལ་བའི་ཐད་ལ། དབྱིན་ཇིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་འགྱུར་རྩོམ་དོ་དམ་པ་ཝི་ལི-ཧྥོ་རེ་སི་ཋར་(Will Forrester) ཡིས་“དེབ་བཅུ་གཉིས་འདི་དག་རྩོམ་རིག་གི་གལ་ཆེའི་བརྩམས་ཆོས་ཞེ་གཅིག་རེད། འདི་དག་གིས་དབྱིན་ཇིའི་ཁྲོམ་རར་འབྱོར་བཞིན་པའི་འགྱུར་རྩོམ་ཧ་ཅང་སྤུས་ལེགས་འགའ་མཚོན་གྱི་ཡོད། འདི་དག་སྐད་ཡིག་དང་། རྩོམ་ལུས། རྩོམ་གཤིས། བརྗོད་བྱ། ཡུལ་ཕྱོགས་བཅས་ཀྱི་ཐོག་ནས་ཧ་ཅང་མི་འདྲ་ཡང་། ཕུལ་དུ་བྱུང་བའི་རྩོམ་དང་འགྱུར་ཡིན་པ་གཅིག་མཚུངས་རེད། ངས་འདེམསས་སྒྲུག་ཚོགས་ཆུང་གིས་སྐུ་ལས་མང་པོ་བརྒྱབ་ནས་འདི་དག་བདམས་པར་བཀའ་དྲིན་ཆེ་ཞུ་འདོད། རྒྱལ་སྤྱི་དང་སྣ་ཚོགས་རང་བཞིན་ཅན་གྱི་ཕུལ་བྱུང་བརྩམས་ཆོས་ཤིན་ཏུ་གལ་འགངས་ཆེ་བའི་དུས་སྐབས་འདིར། དེབ་འདི་དག་ཀློག་པ་པོ་ཚོའི་སྤྱན་ལམ་དུ་འབུལ་བར་རོགས་བྱེད་རྒྱུ་བར་དབྱིན་ཇིའི་པེན་རྩོམ་པ་པོ་མཐུན་ཚོགས་དགའ་བས་བརྟས་ནས་ཡོད་”ཅེས་གསུངས་འདུག 

དབྱིན་ཇིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཕུལ་བྱུང་འགྱུར་གྱི་བྱ་དགའ་ནི། ཕྱི་ལོ་༢༠༡༢ ལོར་འགོ་བརྩམས་པ་ཞིག་ཡིན་འདུག་ཅིང་། དུས་དེ་དུས་བཟུང་སྐད་ཡིག་མི་འདྲ་བ་༦༠ ལྷག་ནས་དབྱིན་ཡིག་ཏུ་བསྒྱུར་བའི་བརྩམས་ཆོས་༣༠༠ ལས་མང་བ་ཞིག་ལ་རྒྱབ་སྐྱོར་བྱས་ཏེ་དབྱིན་སྒོར་ས་ཡ་༡ ལྷག་གི་བྱིན་ཡོད་འདུག་པ་དང་། བྱ་དགའ་དེ་གཙོ་བོ་རྩོམ་རིག་སྒྱུ་རྩལ་གྱི་སྤུས་ཚད་མཐོ་བ་དང་། པར་སྐྲུན་གྱི་ལས་འཆར་ལེགས་པ། དབྱིན་ཇིའི་སྣ་མང་རིག་གཞུང་ལ་ཞབས་འདེགས་ཞུ་ཐུབ་བཅས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་རྣམས་ལ་སྤྲོད་ཀྱི་ཡོད་འདུག 

དབྱིན་ཇིིའི་པན་རྩོམ་པ་པོ་མཐུན་ཚོགས་ཀྱི་བརྗོད་པ་ལྟར་ན། ཕུལ་བྱུང་འགྱུར་དེབ་ཀྱི་བྱ་དགའི་དངུལ་ལ། དབྱིན་སྒོར་༡༠༠༠ ནས་༤༧༥༠ བར་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།