བོད་ཀྱི་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི།

twaཔཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་དང་ཁོང་འཚོ་བཞུགས་ཡིན་མིན་དང་སྐུ་ གཟུགས་ཀྱི་གནས་སྟངས་བཅས་འཛམ་གླིང་མི་མང་ལ་ངེས་པར་ཤེས་པར་བྱེད་དགོས་པའི་དགོས་ འདུན་ཤུགས་ཆེ་ཞུ་ཡི་ཡོད།

དེ་ཡང་ཟླ་༢ ཚེས་༡༢ གྱི་ཞོགས་པར་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། བུད་མེད་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༥༧ པ་སྲུང་བརྩི་གནང་སོང་ལ། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་ལྕམ་ཀཱམ་ལ་པ་ཀྲེལ་མཆོག་དང།  བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གཉིས་ཀྱི་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ་དང་། དྷ་སའི་ཉེ་འཁོར་གྱི་བཙུན་མ་དང་སློབ་ཕྲུག་སོགས་ཁྱོན་སེར་སྐྱ་མི་མང་ ༢༠༠ ཙམ་འཛོམས་འདུག

ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་བྱས་ནས་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་གཏོང་བ་དང་བདེན་ཚིག་སྨོན་ལམ་འུར་འདོན་གནང་སོང་། དེ་རྗེས་ཐང་སྟོང་གླུ་གར་གྱིས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བུད་མེད་ལངས་གླུ་རོལ་དབྱངས་མཉམ་གཏོང་བཅས་གནང་སོང་།

དུས་དྲན་མཛད་སྒོའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་བུད་མེད་སྒེར་ལངས་དུས་དྲན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་འཁོད་དོན། “འདས་པའི་མི་ལོ་ ༥༧ རིང་ལ་རྒྱ་དམར་གྱི་དྲག་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། བོད་རང་སྐྱོང་ལྗོངས་དང་བཅས་པའི་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ཏུ་ཕྱི་ལོ་ ༢༠༡༤ ལོར་ཚར་དགོས་པའི་ལས་གཞི་ད་དུང་མུ་མཐུད་ཞིབ་ཚགས་གསང་མྱུལ་གྱི་ལས་གཞི་འགྲོ་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་པས་ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་བྱས་པའི་རྒྱ་དམར་གྱིས་གྲོང་གསེབ་ས་ཁུལ་ལ་འཛིན་པའི་སྲིད་ཇུས་དེ་མུ་མཐུད་གནས་ཀྱི་ཡོད་སྐོར་དང་།

གཞན་ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་བཙོན་ཁང་ནས་སྙན་ངག་དང་སྙན་འཇེབས་ལྡན་པའི་གླུ་གཞས་སོགས་བརྩམས་གནང་ཡོད་པ་དེ་དག་བཙན་བྱོལ་ནང་གི་བོད་མི་ཚོས་དགའ་དགོས་པ་དང་སྨོན་དགོས་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ད་དུང་རྒྱ་གཞུང་གི་བཙན་ལག་ཏུ་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་དགེ་འདུན་ཆོས་ཀྱི་ཉི་མའི་གནད་དོན་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་དང་། འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆེ་ཁག་བཅས་ལ་ཞུ་གཏུགས་བྱས་ཀྱང་། ད་བར་གྲུབ་འབྲས་ཀྱི་རྟགས་གང་ཡང་ཐོན་པ་མ་བྱུང་།

པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་ཁོང་གི་ནང་མི་བཅས་ཕྱི་ལོ་༡༩༩༥ ལོར་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༢༠ ཙམ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གཞུང་ནས་ཁོང་དང་ཁོང་གི་ནང་མི་དང་བཅས་པ་འཚོ་བཞུགས་དང་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་བཤད་ཀྱི་མེད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བསྐྱར་དུ་རྒྱ་གཞུང་ལ་ཞུ་རྒྱུར། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནས་སྟངས་དང་ཁོང་འཚོ་བཞུགས་ཡིན་མིན་དང་སྐུ་གཟུགས་ཀྱི་གནས་སྟངས་བཅས་འཛམ་གླིང་མི་མང་ལ་ངེས་པར་ཤེས་པར་བྱས་དགོས་པའི་དགོས་ འདུན་ཤུགས་ཆེ་ཞུ་ཡི་ཡོད་”ཅེས་སོགས་འཁོད་འདུག

དེའི་རྗེས་དམིགས་བསལ་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ལྕམ་ཀམ་ལ་པ་ཊེལ་མཆོག་གིས་ཧིན་སྐད་ནང་བཀའ་སློབ་གནང་དོན་། བུད་མེད་ཚོ་ག་དུས་ཡིན་ཡང་གཞན་གྱི་བཙན་དབང་འོག་རྗེས་ལུས་ཐེབས་མི་རུང་བ་དང་། སློབ་སྦྱོང་དང་རྩེད་རིགས། སྲིད་དོན་བྱེད་སྒོ་སོགས་གང་ཞིག་ཡིན་ཡང་རུང་། དེའི་ཐོག་མཉམ་ཞུགས་གནང་དགོས་སྐོར་དང་། དེ་བཞིན་བོད་ཀྱི་བུད་མེད་ཚོ་སེམས་ཤུགས་མ་ཆགས་པར་བོད་ཀྱི་རྩ་དོན་དང་འབྲེལ་བའི་བྱེད་སྒོ་ཁག་ཏུ་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས”གསུངས་སོང་།

ཞོགས་པར་ཆར་བ་ཤུགས་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་གོམ་བགྲོད་སྐད་འབོད་ལས་འགུལ་མཚམས་འཇོག་དགོས་བྱུང་ཡོད་པ་རེད།

གསར་འགོད་པ་ངག་དབང་ཐར་པ།