བོད་ཀྱི་བླ་སྲོག་༧གོང་ས་མཆོག
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༥)
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཅེས་ཤོད་སྲོལ་ཡོད་པ་བཞིན། ཤོད་སྲོལ་དེའང་དོན་དངོས་ཡིན་པ་དང་། གནད་འགག་ལ་ཐུག་དུས་གཞིས་བྱེས་བོད་འབངས་ཡོངས་ཀྱི་རྣམ་འགྱུར་དང་བྱེད་སྟངས་ཐོག་ནས་ཤེས་ཐུབ། ༧གོང་ས་མཆོག་ནི་དགུང་གྲངས་བཅུ་དྲུག་ནས་བཟུང་དགུ་བཅུ་ལ་མ་སོན་བར་བོད་དང་བོད་ཀྱི་རིག་གནས་ཆེད་སྐུ་ངལ་བརྒྱ་ཕྲག་དུ་མ་ལྷུར་ལེན་མཛད་ཅིང་། བཙན་བྱོལ་བོད་མི་གཙོ་བོར་གྱུར་པའི་བོད་གཞིས་བྱེས་གཉིས་སུ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་མ་ཁྱབ་པ་མེད། ད་ལྟའི་ཆར་གཞིས་བྱེས་བོད་འབངས་ཡོངས་ཀྱིས་བཅོས་མ་མ་ཡིན་པའི་ཐོག་ནས་བཀའ་དྲིན་སྙིང་ནས་དྲན་པ་དང་། དད་གུས། དགའ་ཞེན་བཅས་ཡོད་པ་འདིའི་ཐོག་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཀུན་སྙོམ་ཉི་མ་ལྟ་བུའི་མཛད་བཟང་དག་མངོན་པར་གསལ་ཡོད། བོད་དོན་དུས་ཚོད་ཛ་དྲག་གཉན་འཕྲང་གི་སྐབས་འདིར་ཁོང་ཞལ་བཞུགས་པ་ནི་བོད་ཀྱི་བསོད་ནམས་རེད།
ཉེ་ཆར་༧གོང་ས་མཆོག་གི་ཞབས་པུས་བཤའ་བཅོས་ཞུ་བའི་གནས་ཚུལ་ཁྱབ་སྐབས་བོད་ཕྱི་ནང་གཉིས་ནས་སེམས་འཚབ་ཆེན་པོས་ཞབས་རིམ་བསྒྲུབས་པ་དང་། བསང་གསོལ། མཆོད་འཇལ་སྨོན་ལམ་འདེབས་པ་སོགས་རྒྱ་གཞུང་གི་དམ་དྲག་དང་ཉེན་ཁ་ཆེན་པོ་ཇི་ལྟར་ཡོད་མིན་ལ་མ་ལྟོས་པར། བོད་ཕྱི་ནང་གཉིས་དང་བོད་ས་སྟོད་སྨད་བར་གསུམ་གང་སར་ཡོངས་ཁྱབ་ཀྱི་ཐོག་ནས་མཐོང་རྒྱུ་ཡོད་པ་འདིའི་ཐོག་ནས་ར་སྤྲོད་གསལ་པོ་བྱུང་ཡོད། ཕྱི་ལོ་༢༠༠༩ ནས་བཟུང་བོད་ནང་བོད་རྒྱལ་བསྟན་ཆབ་སྲིད་ཀྱི་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་༡༥༨ རང་ལུས་མེར་སྲེག་བཏང་ནས་སྲོག་བློས་བཏང་གནང་བའི་སྐབས། ༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་དགོས་པའི་གཅིག་གྱུར་གྱི་འབོད་ཚིག་གཙོ་བོར་གྱུར་ཡོད་པ་སོགས་གནད་དོན་མང་པོའི་ཐོག་ནས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་གསུང་གུས་བརྩི་དང་ལག་བསྟར་བྱེད་སྟངས་ཐོག་ནས་འཛམ་གླིང་གི་དབུ་ཁྲིད་གཞན་དང་བསྡུར་ཐབས་མེད་པར་མདུན་དུ་སླེབས་ཡོད།
རྒྱ་དམར་དྲག་པོའི་གཞུང་གིས་བོད་ལ་བཙན་འཛུལ་དྲག་གནོན་བྱས་ནས་ཡོངས་སུ་དབང་བསྒྱུར་བྱས་ཤིང་། བོད་ས་ཡོངས་རྫོགས་མནར་གཅོད་དང་གདུག་རྩུབ་འོག་ཚུད། ད་བར་མི་ལོ་༦༥ རིང་བོད་ཡུལ་མུན་ནག་གི་ཀློང་དུ་ཚུད་ཅིང་། རིག་གནས་གསར་བརྗེས་མཚོན་བོད་མི་རྣམས་ལ་ཆོས་དད་སོགས་བོད་ཀྱི་སྲོལ་རྒྱུན་བསམ་བློ་དང་འབྲེལ་བའི་རིག་གནས་དང་བག་ཆགས་རྣམས་མེད་པ་བཟོ་བའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ཀྱང་། དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་བསམ་བློ་བཅོས་བསྒྱུར་ཐུབ་མེད་པ་དང་། གཞིས་བཞུགས་བོད་འབངས་ཡོངས་ཀྱིས་རེ་བའི་མིག་འབུར་༧གོང་ས་མཆོག་ལ་གཏད་ནས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས། རྒྱ་ནག་ཁྱོན་ཡོངས་སུ་བསྒྱུར་བཅོས་སྒོ་དབྱེ་བྱེད་པའི་དུས་ཚོད་དང་བསྟུན་ནས་བོད་ཡུལ་དུའང་། དཔལ་འབྱོར་གཙོ་བོར་གྱུར་པའི་སྲིད་བྱུས་ཁག་ལ་སྔར་ལས་ཅུང་ཙམ་ཡར་རྒྱས་སུ་ཕྱིན་ཡོད། གཞི་རྩའི་རང་དབང་ལ་ཡར་རྒྱས་ཆེན་པོ་ཕྱིན་མེད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་སྔར་ལས་དམ་དྲག་ཆེ་རུ་ཕྱིན་ཡོད།
འོན་ཀྱང་བོད་ནང་དུ་བཞུགས་པའི་བོད་མི་རྣམས་ཀྱིས་རང་གི་གཅེས་པའི་ཚེ་སྲོག་ལ་ཉེན་ཁ་འཕྲད་ཀྱང་༧གོང་ས་མཆོག་ལ་དད་གུས་དང་དགའ་ཞེན་རེ་བ་བཅས་སྔར་ལས་བརྟན་དུ་ཕྱིན་ཡོད་པ་ལས་ཉམས་ཆག་གཏན་ནས་ཕྱིན་མེད། ༧གོང་ས་མཆོག་ལ་དད་གུས་དང་ཡིད་ཆེས་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གནས་ལ་བཅངས་པའི་སེམས་ཤུགས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། བོད་རྒྱལ་བསྟན་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་བསམ་བློའི་ཐོག་ནས་ཡོངས་ཁྱབ་དང་གཅིག་གྱུར་ཆ་ཚང་མ་ཡིན་པར་ཁྱད་པར་ཅུང་ཙམ་རེ་ཡོད་ཀྱང་། ༧གོང་ས་མཆོག་ལ་བཅངས་པའི་རེ་བ་དང་ཡིད་ཆེས་ཀྱི་གནད་དོན་ཐོག་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་གཅིག་གྱུར་ཡིན་པ་ལས་ཁྱད་པར་གང་ཡང་མེད་པ་འདིའི་ཐོག་ནས། ༧གོང་ས་མཆོག་བོད་ཀྱི་བླ་སྲོག་ཡིན་པ་གསལ་པོར་གྱུར་པ་རེད། རྒྱལ་སྤྱིའི་ཐོག་ནས་༧གོང་ས་མཆོག་ལ་ཆེ་མཐོང་སྤྲད་པའི་གནས་སྟངས་ཀྱང་ཕྱོགས་གཅིག་ནས་འདི་ལ་བརྟེན་ནས་བྱུང་ཡོད།
མདོར་ན་གཞིས་བྱེས་བོད་མི་ཡོངས་རྫོགས་གཅིག་གྱུར་ཡོངས་ཐབས་དང་། བོད་ཀྱི་ཆོས་དང་རིག་གནས་ཀྱི་གལ་གནད་སོགས་གང་ཐད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་བླ་སྲོག་ཉག་གཅིག་ཏུ་གྱུར་ཡོད། མ་འོངས་པར་༧གོང་ས་མཆོག་ཞལ་མ་བཞུགས་པའི་གནས་ཚུལ་ཐབས་སྡུག་པོ་ཞིག་བྱུང་བའི་དབང་དུ་བཏང་ན་བོད་མི་རིགས་ལ་བླ་སྲོག་མེད་པར་གྱུར་པ་ཡིན་ནམ། ཞེས་པའི་དྲི་བ་གལ་གནད་ཆེན་པོ་འདི་ལ་ལན་ག་རེ་ཡོད་དམ་སྙམ་པའི་སེམས་འཚབ་འདི་མི་མང་པོ་ལ་ཡོད་ཀྱང་། ད་ལྟ་ཛ་དྲག་གི་གནས་སྟངས་འདིའི་ཐོག་ནས་༧གོང་ས་མཆོག་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་ཁབ་ཤོར་ཡང་བོད་ཀྱི་ཆོས་དང་རིག་གནས་མི་རིགས་ཀྱི་བླ་སྲོག་བཅས་མ་ཤོར་བར་གནས་ཐུབ་ཡོད། མ་འོངས་པར་ཡང་སྐུ་ཕྲེང་རིམ་བྱོན་ལ་བརྟེན་དགོས་པ་ཞིག་ཡིན་ནམ། ཡང་ན་བོད་མི་རིགས་ལ་བསམ་བློ་གསར་པ་ཞིག་སླེབས་ནས་བླ་མ་གཅིག་དང་མི་གཅིག་ལ་བརྟེན་མི་དགོས་པ་ཞིག་ཏུ་འགྱུར་སྲིད་དམ།།