བོད་ཀྱི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་བུད་མེད་གཅིག་ལས་བྱུང་མི་འདུག

ཟླ་༡༢ པའི་ཚེས་༢༣ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ཏུ་༢༠༡༨ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་འཚོགས་འདུག་པ་དང་། འགྲན་སྡུར་ལ་དངོས་སུ་མཉམ་ཞུགས་བྱེད་མཁན་བུད་མེད་གཅིག་ལས་མ་བྱུང་བས། རང་ལོ་༢༣ ཡིན་པའི་ནིའུ་ཡོག་གནས་སྡོད་བུ་མོ་བསྟན་འཛིན་ཡོན་ཏན་ལ། བོད་ཀྱི་མཛངས་མའི་དབུ་རྒྱན་གཡོགས་འདུག

བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཐོག་མར་འགྲན་སྡུར་ལ་སྙན་ཞུ་སྤྲོད་མཁན་རྒྱ་གར་ནས་༩ དང་ཨ་རི་ནས་༤ བཅས་༡༣ བྱུང་ཡོད་ནའང་། རྗེས་སུ་རྒྱ་གར་ནས་མཉམ་ཞུགས་བྱེད་འདོད་ཡོད་མཁན་བུད་མེད་༩ ལ་ཨ་རིའི་ཐོངས་མཆན་ཐེངས་གཉིས་ཞུས་ཀྱང་རག་མེད་ཁར། ཨ་རི་ནས་སྙན་ཞུ་འབྱོར་མཁན་༣ ཕྱིར་འཐེན་བྱས་ཏེ། མཐའ་མ་དེར་བསྟན་འཛིན་ཡོན་ཏན་མ་གཏོགས་མེད་འདུག

བློ་བཟང་དབང་རྒྱལ་གྱིས་བསྟན་འཛིན་ཡོན་ཏན་ནི་འགྲན་སྡུར་བ་ཁེར་རྐྱང་དེ་ཡིན་ཡང་། ཁོང་གི་སེམས་ཤུགས་ལ་གུས་བརྩི་བྱེད་འོས་པ་ཡིན་ཁར། ཁོང་གིས་འགྲན་སྡུར་ཆེད་གྲ་སྒྲིག་འཐུས་ཚང་བྱས་ཡོད་སྐོར་བརྗོད་འདུག

ད་བར་བོད་ཀྱི་བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་༡༦ བྱས་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་༢༠༠༣། ༢༠༠༥། ༢༠༡༣། ༢༠༡༤། དེ་བཞིན་འདི་ལོ་༢༠༡༨ བཅས་ཐེངས་ལྔ་ལ་མཉམ་ཞུགས་བྱེད་མཁན་བུད་མེད་གཅིག་རེ་མ་གཏོགས་མེད་པ་དང་། འདི་ལོར་ཐོག་མར་ཟླ་༨ པའི་ནང་ཨ་རིར་འཚོག་རྒྱུ་བྱས་ཡོད་ཀྱང་། རྒྱ་གར་ནས་མཉམ་ཞུགས་བྱེད་མཁན་བུད་མེད་ཚོར་ཐོངས་མཆན་མ་རག་པའི་རྐྱེན་གྱིས་ཕྱིར་འགྱངས་བྱས་ཡོད་པ་རེད་འདུག

ཐེངས་འདིའི་བོད་ཀྱི་མཛངས་མ་གོ་སྒྲིག་ཆེད། བློ་བཟང་དབང་རྒྱལ་གྱིས་ཨ་རིར་གནས་སྡོད་བསོད་ནམས་དབང་འདུས་དང་རྒྱ་གར་བ་ལཱ་ལིཌ་བྷཌ་ནཱ་གྷར་གཉིས་དང་མཉམ་ལས་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།