བོད་ཀྱི་ཞོ་སྟོན་དུས་སྟོན་མོན་གྷོ་རུ་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་བོད་ཀྱི་ཞོ་སྟོན་རྒྱས་པ་བྱེས་སུ་སླར་གསོ་ཞུས་ཏེ་བགྲང་བྱ་༢༡ འཁོར་བའི་དབུ་འབྱེད་མཛད་སྒོ་མོན་གྷོ་འདོད་རྒུ་གླིང་ལྷ་མོ་ཚོགས་ཁང་གི་མདུན་དུ་དབུ་འཛུགས་གནང་ཡོད་པ་རེད།
14589333333333333མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་ཕེབས་ཡོད་པ་དང། དེ་བཞིན་མོན་གྷོ་ས་གནས་ཀྱི་ས་འཐུས་ཚོགས་གཙོ་ཚོགས་གཞོན་དང་།ས་གནས་འགོ་འཛིན་ལས་ཚབ་སོགས་ཕེབས་ཡོད་པ་རེད། ཐེངས་འདིའི་ཞོ་སྟོན་ཐོག་་བོད་གཞུང་ཟློས་གར་ཚོགས་པས་གཙོས་ས་གནས་ཁག་བདུན་ཙམ་གྱི་ལྷ་མོ་ཚོགས་པ་ཕེབས་ཡོད་པ་རེད།
ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་བོད་ཀྱི་ཞོ་སྟོན་མཛད་སྒོ་ཐེངས་༢༡ པ་དབུ་འཛུགས་ཀྱི་གཏམ་བཤད་གནང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེས་བོད་ཀྱི་ཞོ་སྟོན་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་སོང་།
དེ་ཡང་བོད་ལ་རིག་གཞུང་གླུ་གར་གྱི་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པའི་གླུ་གར་རིག་གཞུང་དུས་སྟོན་བོད་ཀྱི་ཞོ་སྟོན་ཞེས་པ་འདི་ནི་དུས་རབས་བཅུ་བཞི་པའི་ནང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བོད་དུ་ལྕགས་ཟམ་བཙུགས་སྐབས་སྐད་སྙན་པོ་རྣམས་ལ་རྣམ་ཐར་དང་འཁྲབ་སྟོན་སོགས་ཀྱི་སློབ་དཔོན་མཛད་སྐབས་ལྷ་མོ་ལྟ་བུའི་སྐད་སྙན་ཞིང་གཟུགས་མཛེས་པའི་ལྟད་མོ་བ་རྣམས་ཡིད་འཕྲོགས་ཏེ། ལྷ་མོ་འཁྲབ་པ་ཞེས་ཐ་སྙད་བྱུང་ཡོད་པ་རེད།
ད་ལྟའི་བར་བོད་ནང་ཡོངས་སུ་གྲགས་པའི་ལྷ་གཞུང་བརྒྱད་ཡོད་ལ། སྔ་ལོ་བོད་ཀྱི་ཟློས་གར་ཚོགས་པས་སྟོན་པའི་འཁྲབ་གཞུང་གསར་པ་འཁྲབ་ཡོད་པ་རེད། ལྷ་མོའི་འཁྲབ་གཞུང་དེ་དག་ནི་སངས་རྒྱས་ཀྱི་མཛད་རྣམ་དང་ནང་པའི་ཆོས་དང་འབྲེལ་བའི་འཇིག་རྟེན་གྱི་ཡ་རབས་བཟང་པོའི་སྤྱོད་པར་འཇུག་ཚུལ་ཁོ་ན་ཡིན་པར་རྒྱ་ཆེའི་མང་ཚོགས་ནས་དད་གུས་ཡི་རངས་བྱེད་ཀྱིན་ཡོད་པ་རེད།
ཞོ་སྟོན་ཞེས་པའི་ཐ་སྙད་དེ་ཡང་སྔོན་རྒྱ་གར་དུ་དགེ་འདུན་པའི་སྡེ་རྣམས་དབྱར་གནས་སུ་བཞུགས་པའི་ཚེ། ཞོ་དང་འོ་མ་སོགས་ཀྱི་བསྙེན་བཀུར་ཞུ་སྲོལ་ཡོད་པ་བཞིན། བྱེས་སུ་བོད་དུ་འབྲས་སྤྲུངས་ཞོ་སྟོན་ཞེས་མིང་ཐོག་ཚུལ་དེ་ཡང་། བོད་ཟླ་བདུན་པའི་ཚེས་དགུ་ཉིན་དབྱར་གནས་སུ་ཞལ་བཞུགས་ཀྱི་གྲྭ་མང་ལ་ཞོ་བསྙེན་བཀུར་ཞུ་བཞིན་པ་དང་འབྲེལ་ལྷ་མོ་འཁྲབ་སྟོན་བྱས་པར་འབྲས་སྤུངས་ཞོ་སྟོན་ཞེས་མིང་ཐོག་ཡོད་པ་རེད།
བོད་ཀྱི་གནའ་བོའི་དུས་སྟོན་ཁྱད་པར་ཅན་དབྱར་གཞུང་གི་ཞོ་སྟོན་འདི་བོད་དུ་༡༩༥༨ ལོར་འཁྲབ་སྟོན་ཐ་མ་དེ་ཆགས་ཡོད་པ་རེད། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་རྐྱེན། ༧གོང་ས་མཆོག་དབུས་པས་བོད་མི་འབུམ་ལ་ཉེ་མ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ན་ཡང། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་སླད། བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་༡༩༥༩ ཟླ་བ་༨ ཚེས་༡༡ ཉིན་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ནི་བོད་ཀྱི་སྲོག་རྩ་ཡིན། རྒྱ་ནག་གཞུང་ནས་གཡོ་ཇུས་སྣ་ཚོགས་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་དང་བཟོ་མུས་ཡིན་པ་རེད། བོད་ཟློས་གར་ཚོགས་པས་ངོས་ནས་ཕྱི་ལོ་༡༩༩༣ ལོར་བོད་ཀྱི་ཞོ་སྟོན་བྱེས་སུ་སླར་གསོ་མཛད་དེ་ད་ཆ་བགྲང་བྱ་༢༡ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དབུས་པའི་སྦེལ་ཀོབ་དང་གོ་ལི་གྷར། བྷན་དྷི་ར་དང་ཨོ་རུ་ས། བལ་ཡུལ་དང་མོན་གྷོ་ལྷ་མོའི་ཚོགས་པ་བཅས་ས་གནས་ཁག་བདུན་ཙམ་ཞོ་སྟོན་ཐེངས་༢༡ པར་མཉམ་ཞུགས་གནང་ཡོད་པ་རེད་འདུག།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།