བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༡པ་ལེགས་གྲུབ།
ཟླ་འདིའི་ཚེས་༩ཉིན་འདི་ག་རྒྱ་གར་ལྷོ་ཕྱོགས་མོ་གྷོ་བོད་མིའི་གཞིས་སྒར་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༡པ་ལེགས་པར་གྲུབ་ནས་མཇུག་བསྡོམས་མཛད་སྒོ་འཚོགས་ཡོད་པ་རེད།
ཞོ་སྟོན་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་དང་ས་གནས་འགོ་འཛིན་གྱི་སྐུ་ཚབ། ས་འཐུས་ཚོགས་གཙོ་ཚོགས་གཞོན་དབུས་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་གནས་ཡོད་མི་སྣ་རྣམས་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་ཡོད་པ་མ་ཟད། གཟིགས་མོ་གཟིགས་མཁན་སེར་སྐྱ་མི་མང་ཉིས་སྟོང་ལ་ཉེ་བ་ཕེབས་ཡོད་འདུག
དེ་ཡང་སྐུ་མགྲོན་གཙོ་བོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཞོ་སྟོན་དང་འབྲས་སྤུངས་ཞོ་སྟོན་ཟེར་བ་དེ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་སྐོར་ལ་ངོ་སྤྲོད་དང་འབྲེལ་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་རིག་གཞུང་ནི་བོད་དེ་རྒྱལ་ཁབ་གཞན་དང་ཐ་དད་ཡིན་པའི་མཚོན་བྱེད་ཡག་ཤོས་ཤིག་ཡིན་པའི་སྐོར་དང་།
ཁོང་གིས་”དཔེར་ན་རྒྱ་ནག་གཞུང་གིས་མཚོན་ཡུལ་ལུང་གཞན་དག་གིས་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་ལད་ཟློས་ཙམ་བྱས་ཀྱང་། སྐད་ཀྱི་འགྱུར་ཁུག་འདེགས་འཇོག་དང་ལུས་ཀྱི་རྣམ་འགྱུར་སོགས་གང་ཅིའི་ཐད་ནས་ཇི་མ་ཇི་བཞིན་ཡོང་ཐུབ་ཀྱི་མེད་པ་གསལ་པོ་རེད། དེ་འདྲ་སོང་ཙང་༧གོང་ས་མཆོག་སྐུ་སྒེར་ནས་ཀྱང་ལོ་ལྟར་འགྲོ་སོང་བཏང་ནས་ལྷ་མོའི་འཁྲབ་གཞུང་འདི་ལ་ཐུགས་སྣང་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་བཞིན་ལྷ་མོའི་རིག་གཞུང་འཁྲབ་སྟོན་འདི་བཞིན་མུ་མཐུད་ཡར་རྒྱས་ཚགས་ཚུད་གཏོང་དགོས་”ཞེས་གསུངས་སོང།
ཁོང་གིས་མུ་མཐུད་ནས་གསུང་དོན། “མི་མང་འདུ་འཛོམས་སར་རྙོག་གླེང་ཕྲན་ཚེགས་ཡོང་གི་ཡོད་པ་ཆོས་ཉིད་འདྲ་བོ་ཞིག་རེད་དེ། ཐེངས་འདིར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་ནང་བོད་ཀྱི་ཞོ་སྟོན་ཐེངས་༢༡ པ་འདིའི་ཐོག་གླེང་རྙོག་གང་ཡང་མ་བྱུང་བ་མ་ཟད། བཀྲ་ཤིས་ལོ་ལེགས་ངང་མཇུག་ཡོངས་སུ་བསྒྲིལ་གནང་ཡོད་པ་འདི་ལ་དགའ་ཚོར་དང་བཅས་བསྔགས་བརྗོད་ཞུ་བཞིན་ཡོད་”ཅེས་སོགས་གསུངས་སོང་།
གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་ཏི་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་”མོན་གྷོ་ས་གནས་གཞིས་སྤྱི་ལྷ་མོ་ཚོགས་པའི་མཚོན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་རུ་ཁག་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱི་འབད་བརྩོན་གནང་བ་ལ་རྟེན་ནས། བོད་ཀྱི་ཞོ་སྟོན་ཐེངས་ཉེར་གཅིག་དེ་ལེགས་གྲུབ་བྱུང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༡ པ་དེ་བཞིན་ཟླ་བ་འདིའི་ཚེས་༡ ནས་བཟུང་ཚེས་༩ བར་དུས་ཡུན་ཉིན་གྲངས་དགུའི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་དུ་སྲུང་བརྩི་ཞུས་ཡོད་པ་དང་། ཚེས་༩ ཉིན་མཐའ་བསྡོམས་བོད་ཀྱི་ཟློས་གར་ཚོགས་པས་བདག་ཅག་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་ནས་བཟུང་སངས་མ་རྒྱས་བར་གྱི་སྟོན་པའི་མཛད་པ་བཅུ་གཉིས་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་གྲུབ་པའི་སྒོ་ནས་མཇུག་ཡོངས་སུ་བསྒྲིལ་ཡོད་པ་རེད། སྟོན་པའི་མཛད་པ་བཅུ་གཉིས་ཀྱི་འཁྲབ་གཞུང་འདི་ནི་བོད་ཀྱི་ཟློས་གར་ཚོགས་པས་གསར་རྩོམ་བྱས་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།