བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་༦༤ འཁོར་བའི་མཛད་སྒོ་དང་གཞས་སྣ་འགྲན་བསྡུར།

ཕྱི་ཟླ་༨ ཚེས་༡༡ ཉིན་རྒྱབ་བོད་ཀྱི་ཟློས་གར་ཚོགས་པ་དབུས་བརྙེས་ཏེ་ལོ་ངོ་༦༤ འཁོར་བའི་དུས་ཆེན་དང་བསྟུན་ནས་བོད་ཀྱི་ཟློས་གར་ཚོགས་པའི་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་ཞིག་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་སོང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་དང་། གཞན་ཡང་དགེ་རྒན་ཆེན་མོ་སྤྲེལ་ནག་བློ་གྲོས་དཔལ་བཟང་སོགས་ཟུར་དཔང་བ་མི་དགུ་དང་ཟློས་གར་ཟུར་པ་སོགས་ལྟད་མོ་བ་མང་པོ་ཞིག་མཉམ་ཞུགས་བྱས་འདུག
སྐབས་དེར་ཟློས་གར་གྱི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བཙན་གནོན་གྱི་འོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་བཅས་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས། མགོན་པོ་གང་གིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་གལ་ཆེན་དོན་ཆེན་དུ་གཟིགས་ཏེ། ༡༩༥༩ ལོའི་ཟླ་༨ ཚེས་༡༡ ལ་བོད་ཀྱི་ཟློས་གར་ཚོགས་པ་འདི་ཉིད་གསར་འཛུགས་གནང་བ་ནས། ད་བར་བོད་ཀྱི་ཡུལ་ལུང་ཁག་གི་གཞས་སྣ་དང་གཏམ་རྒྱུད། རྒྱལ་རབས། ནང་མ་སྟོད་གཞས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ཅེ་ལྷ་མོའི་གཞུང་། ལོ་རྒྱུས་དང་ཆོས་འབྱུང་སོགས་ཟློས་གར་འཁྲབ་གཞུང་གསར་རྩོམ་གྱིས་གནས་ཡུལ་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་༣༧ ཙམ་ལ་ཕྱོགས་བསྐྱོད་ཀྱིས་བོད་ཀྱི་རིག་གཞུང་འཁྲབ་སྟོན། བོད་པའི་རྩ་དོན་དྲིལ་བསྒྲགས་ཞུ་ཐུབ་པ་བྱུང་བ་དང་། མ་ཟད་བོད་ཀྱི་རྐང་བྲོའི་གླུ་གཞས་ལ་ཉབས་ཞིབ་དང་དཔྱད་བསྡུར་གནང་ནས་ལོ་ལྟར་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་བར་དབྱར་སྐྱིད་ལ་གཏིང་རྩོད་འགྲན་བསྡུར་གནང་གི་ཡོད་པ་དང་། སྔ་རབས་ནས་བརྒྱུད་པའི་བོད་ཀྱི་རྒྱས་བཤད་གཏམ་གླེང་དང་གཏམ་བརྗོད་ཟློས་གར་སོགས་ལ་འཁྲབ་སྟོན་ཞུས་ཏེ་རིག་གཞུང་གོང་འཕེལ་གྱིས་མུ་མཐུད་རྒྱུན་སྐྱོང་བྱེད་མུས་དང་། སྒོས་སུ་གཞོན་སྐྱེས་ཚོར་དམིགས་ཚད་བཟུང་སྟེ་རྒྱུད་སྤྲོད་ཐུབ་ཐབས་ཆེད་འཁྲབ་སྟོན་ཞུ་བཞིན་ཡོད་ཚུལ་སོགས་གསུངས་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་པའི་ན་གཞོན་ཚོས་དབྱར་ཁའི་གུང་གསེང་དང་བསྟུན་ནས་ཟླ་བ་གཅིག་རིང་སྒྱུ་རྩལ་རིག་གནས་དང་། རོལ་ཆ། ནང་མ་སྟོད་གཞས། གཏམ་བརྗོད་དང་གླུ་གཞས་སོགས་སྦྱོང་བརྡར་སྤྲོད་རྒྱུའི་ལས་འཆར་ཡོད་པ་བཞིན། དྲྭ་ལམ་དང་སྐུ་ཚབ་དོན་གཅོད་བཅས་ནས་བརྒྱུད་བསྒྲགས་རྒྱ་གང་ཆེ་སྤེལ་ཡང་ཉེ་ཆར་ཕྲུ་གུ་བརྒྱད་ལས་མཉམ་ཞུགས་གནང་མཁན་མེད་ཀྱང་དེ་དག་ལ་སྦྱོང་བརྡར་སྤྲད་ཟིན་པ་དང་། མ་འོངས་པར་ཚང་མས་དེའི་ཐོག་དོ་སྣང་གིས་དབྱར་ཁའི་གུང་སེང་སྐབས་གཞོན་སྐྱེས་ཚོ་མཉམ་ཞུགས་ཡོང་བར་འབོད་སྐུལ་ཞུས་གནང་སོང་། གཞན་ཡང་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ལས་རོགས་རྒན་བསྟན་འཛིན་ཕུན་ཚོགས་ལགས་ནས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས།

རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་འགོ་བཙུགས་སོང་། རུ་ཁག་གཉིས་ནི་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་ཡིན་པ་དང་། གླུ་གཞས་དང་འབྲས་དཀར། དེ་བཞིན་ཞབས་བྲོ་དང་དགོད་བྲོའི་གཏམ་གླེང་སོགས་འགྲན་བསྡུར་བྱས་མཐར། གོང་གི་སྣ་ཁ་ཚང་མའི་རྒྱལ་ཁ་དེ་རྔོན་པ་རུ་ཁག་ལ་ཐོབ་སོང་། སྐུ་མགྲོན་གཙོ་བོ་ལགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་ལས་བྱེད་གཅིག་དང་། འགྲན་བསྡུར་གྱི་བྱ་དགའ་གསོལ་རས་གནང་སོང་ལ། དམིགས་བསལ་སྐུ་མགྲོན་ནས་ཟུར་དཔང་རྣམས་དང་བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱག་ཁྱེར་གནང་སོང་། དེའི་རྗེས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟློས་གར་ཟུར་པ་རྣམས་ལ་བཀའ་དྲིན་རྗེས་དྲན་སྐོར་དང་། ཕྱོགས་གང་སར་དུ་གནས་པའི་ཟློས་ཟུར་རྣམས་ཀྱིས་ད་ལྟ་གཞན་ལ་སློབ་ཁྲིད་སོགས་གནང་བཞིན་པ་ལྟར་མ་འོངས་པར་ཟློས་གར་གྱི་མཐུན་རྐྱེན་སོགས་ཀྱི་ཆེད་དུ་མཉམ་ཞུགས་གནང་དགོས་སྐོར་དང་། གཞོན་སྐྱེས་གསོ་སྐྱོང་བྱེད་སྟངས་དང་འབྲེལ་ད་ལྟའི་དབྱར་ཁའི་གུང་སེང་ལ་ཟློས་གར་སྦྱོང་བརྡར་ཆེད་དུ་ཡོང་བ་རྣམས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་དང་། མ་འོངས་པར་འདི་བཞིན་ལོ་རྟག་པར་མཉམ་ཞུགས་དགོས་པའི་སྐོར་སོགས་གསུངས་སོང་། ད་ལྟའི་བཀའ་ཤག་བསམ་མནོ་གཅིག་དེ་ཆབ་སྲིད་ཀྱིས་འཛམ་བུ་གླིང་ལ་གནད་དོན་འགྲེལ་བཤད་རྒྱག་ཡ་གཅིག་པུར་མིན་པར། རིག་གཞུང་འཁྲབ་སྟོན་དང་གཞས་སྣ། གློག་བརྙན་བཅས་ཐོག་ནས་བོད་པའི་སྤྱི་ཚོགས་ནང་ལ་སྒྱུ་རྩལ་གང་ཡོད་པ་དེ་བེད་སྤྱོད་བཏང་སྟེ་བོད་དོན་ཐོག་ལ་གོ་རྟོགས་སྤེལ་དགོས་ཡ་དེ་གལ་ཆེན་པོ་གཅིག་ཡིན་ཚུལ་སོགས་གསུངས་སོང་། མཇུག་ཏུ་ཟློས་གར་ཚོགས་པའི་དྲུང་ཆེས་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས། སྐུ་མགྲོན་རྣམས་ལ་གསོལ་ཇ་ཞལ་ཏོག་འདེགས་འབུལ་གྱིས་མཛད་སྒོ་གྲོལ་སོང་།

དེ་བཞིན་ཟློས་གར་དུ་འགྲོ་བའི་ལམ་བར་ནས་འཕྲད་པའི་ཟློས་ཟུར་དང་རྒན་པ་འགའ་ཤས་ཀྱིས། ནམ་རྒྱུན་རུ་ཁག་གཉིས་ཀྱི་གཞས་སྣ་འགྲན་བསྡུར་སྐབས་སུ་ལྟ་བར་ཡོང་གི་ཡོད། ད་ལོ་ཡང་བོད་ཀྱི་ཟློས་གར་ཚོགས་པར་ཡར་རྒྱས་ག་ཚོད་ཕྱིན་འདུག་ལྟ་བར་ཡོང་པ་ཡིན། སྔོན་མ་དེ་ཚོ་རང་འཁྲབ་མ་བསྡད་པར་བོད་ཀྱི་གཞས་སྣ་འདྲ་མི་འདྲ་ཏོག་ཙམ་ཡར་རྒྱས་གཏོང་དགོས་ཀྱི་འདུག་གསུངས་སོང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།