བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་བསྐོ་བྱས་སོང་། 

བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་ངག་དབང་ཆོས་འཕེལ་གྱིས་བོད་ཀྱི་ཟློས་གར་ཚོགས་པས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོའི་ནང་དུ་འཁྲབ་སྟོན་བརྒྱ་ཕྲག་མང་པོ་བྱས་ཡོད་པ་དང་། འཁྲབ་སྟོན་དེ་དག་བརྒྱུད་དེ་རྒྱལ་སྤྱིའི་ལྟད་མོ་བ་ཚོ་ལ་“ང་ཚོའི་བོད་མིའི་ཡུལ་སྲོལ་གོམས་གཤིས་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་སྐད་ཡིག་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་དམངས་ཁྲོད་གླུ་གཞས་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་ཆས་གོས་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་བོད་ཀྱི་ལྷ་མོའི་འཁྲབ་སྟོན་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་རྣམ་པ་དེ་རྒྱ་མི་དང་འདྲ་གི་མེད། ང་ཚོའི་མི་རིགས་ཀྱི་ངོ་བོ་དེ་རྒྱ་མི་དང་འདྲ་གི་མེད་”ཅེས་བསྟན་ཡོད་ཚུལ་གསུངས་སོང་། 

ཕྱི་ཟླ་༤ ཚེས་༡༠ ཉིན་གྱི་ཕྱི་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་བསྐོ་བཞག་བྱེད་པ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དྲ་རྒྱ་བརྒྱུད་དེ་གསུང་བཤད་གནང་སོང་།

གསར་འགོད་ལྷན་ཚོགས་དེའི་ཐོག ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྙིང་པ་ཚེ་རིང་ཆོས་འཛོམས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་ནི་སྒྱུ་རྩལ་དང་རིག་གཞུང་གི་སྡེ་ཚན་གལ་ཆེན་པོ་ཞིག་ཡིན་པ་དང་། ཚོགས་པ་དེ་བོད་ཀྱི་ལུང་པ་ཤོར་ནས་རྒྱ་གར་དུ་འབྱོར་རྗེས། ༧གོང་ས་མཆོག་གིས་གསར་འཛུགས་གནང་བའི་རིག་གཞུང་གི་ཚོགས་པ་ཐོག་མ་དེ་ཆགས་ཡོད་པའི་འགྲེལ་བརྗོད་གནང་བའི་རྗེེས། སྔོན་ཆད་ཟློས་གར་ཚོགས་པའི་འགན་འཛིན་མང་ཆེ་བ་གཞུང་ཞབས་ནས་ཡོང་གི་ཡོད་རུང་། ༢༠༡༩ ལོར་ཟློས་གར་ཚོགས་པ་དབུ་རྙེས་ནས་ལོ་༦༠ འཁོར་བའི་དུས་དྲན་སྐབས་ཚོགས་པ་དེ་སྒྱུ་རྩལ་གྱི་ཚོགས་པ་ཞིག་ཡིན་པས་སྤྱི་ཁྱབ་འགན་འཛིན་དེ་ཁྱད་ལས་མི་སྣ་དང་། ལྷག་དོན་དུ་ཟློས་གར་ཚོགས་པའི་ནང་དུ་སློབ་གཉེར་གནང་བ་ཞིག་བྱུང་ན་ཡག་པོ་ཡོད་པའི་བསམ་ཚུལ་ཤུགས་ཆེན་བྱུང་བ་ལྟར་འགན་འཛིན་ལྷན་ཚོགས་ནས་ངག་དབང་ཆོས་འཕེལ་བསྐོ་བཞག་བྱས་པ་ཡིན་ཚུལ་གསུངས་སོང་། 

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁར་བརྟེན་ནས་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་རྙིང་རྗེ་བའི་མཛད་སྒོར་དངོས་སུ་ཕེབས་མ་ཐུབ་པའི་སྲིད་སྐྱོང་བློ་བཟང་སེང་གེས་དྲ་རྒྱ་བརྒྱུད་དེ་གསུང་བཤད་ཐུང་ངུ་ཞིག་གནང་སོང་བའི་ནང་། ཁོང་གིས་ངག་དབང་ཆོས་འཕེལ་ནི་སྒྱུ་རྩལ་གྱི་ཐོག་ནས་ཤེས་ཡོན་དང་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་ཡིན་པས། ཁོང་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་ཕེབས་པར་དགའ་སྤྲོ་བྱུང་བ་དང་། འགན་འཛིན་རྙིང་པ་ཚེ་རིང་ཆོས་འཛོམས་ཀྱིས་ཕྱག་ལས་ཡག་པོ་གནང་བར་ངོས་འཛིན་དང་བསྔགས་བརྗོད་གནང་སོང་། 

ཟློས་གར་ཁང་གི་འགན་འཛིན་གསར་པས་བོད་ཀྱི་ཟློས་གར་དང་འཁྲབ་སྟོན་སྒྱུ་རྩལ་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་འཆར་དགུ་འགྲེལ་བརྗོད་གནང་སོང་བའི་ནང་། ཟློས་གར་གྱི་ཚོགས་མི་རྣམས་ལ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ལོ་རྒྱུས་དང་གོ་རྟོགས་གཏིང་ཟབ་པོ་དང་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཚོགས་ཁང་གི་སྡིངས་ཆའི་གློག་ཡར་རྒྱས་གཏོང་རྒྱུ། བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་གློག་ཀླད་དཔེ་མཛོད་ཁང་(Digital music library) གསར་འཛུགས་བྱེད་རྒྱུ་སོགས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།