བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་མི་ལོ་༢༥ འཁོར་བ་དང་བསྟུན་ནས་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་ཞིག་གནང་སོང་།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

རྡ་སར་རྟེན་གཞི་བྱས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དབུས་བརྙེས་ནས་མི་ལོ་༢༥ འཁོར་བ་དང་སྟབས་བསྟུན་ནས་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་ཞིག་བྱས་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོས་དུས་སྟོན་དང་བོད་ཀྱི་ས་ཁྲའི་དེབ་གཅིག་དབུ་འབྱེད་གནང་སོང་།

ཕྱི་ཚེས་༣༠ ཉིན་བོད་ཀྱི་འགྲེམས་སྟོན་ཁང་དབུས་བརྙེས་ནས་མི་ལོ་༢༥ འཁོར་བའི་ཉིན་མོ་ཡིན་པ་དང་སྟབས་བསྟུན་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་ཞིག་གནང་སོང་ལ། དུས་ཐུང་འགྲེམས་སྟོན་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ནས་དུས་སྟོན་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས། བོད་ཀྱི་ས་ཁྲའི་དེབ་གཅིག་ཀྱང་དབུ་དབྱེད་གནང་སོང་། སྐབས་དེར་བཀའ་ཟུར་རིན་ཆེན་མཁའ་འགྲོས་དེ་རིང་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་བྱས་པ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་། འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཆབ་སྲིད་དང་། ཤེས་ཡོན། རིག་གཞུང་རྒྱུན་འཛིན། སྤྱི་ཚོགས་ཀྱི་བདེ་དོན་སོགས་ཀྱི་ཐད་བོད་ཀྱི་བུད་མེད་རྣམས་ཀྱིས་ལེགས་སྐྱེས་རླབས་ཆེན་ཕུལ་ཡོད་པ་དང་། ང་ཚོ་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་དང་། ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཅིག་ཡིན་དུས་། ང་ཚོས་ངེས་པར་དུ་འགན་ཁུར་ནས་དཀའ་ལས་རྒྱག་དགོས་རེད་ཅེས་དང་། ད་ལྟའི་མི་རབས་གསར་པའི་ཁྲོད་བོད་ཀྱི་བུད་མེད་རྣམས་ནས་ཕྱིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། གཞུང་ཞབས་པ། ཚོང་པ་སོགས་ཀྱི་ལས་རིགས་སྣ་མང་ཁྲོད་བྱས་རྗེས་ཆེན་པོ་འཇོག་བཞིན་པ་མཐོང་དུས་སེམས་ལ་ཧ་ཅང་དགའ་སྣང་དང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་པས། མ་འོངས་པར་བོད་ཀྱི་བུད་མེད་ཚོས་རང་ལ་ཡིད་ཆེས་དང་། སྤོབས་པ་ཡོད་པའི་ཐོག་ནས་བོད་སྤྱི་པའི་རྩ་དོན་ཆེད་དུ་ཕྱག་ལས་གནང་དགོས་པ་དང་། ཨ་མ་ཟེར་བ་ནི་༧གོང་ས་མཆོག་ནས་གསུངས་པ་བཞིན་བྱམས་བརྩེའི་རང་བཞིན་ཡིན་པས། ཨ་མའི་ལས་ཀ་ནི་རྫོགས་ཐབས་མེད་པ་ཞིག་དང་། ལས་དོན་གང་ཡིན་ཡང་འབད་བརྩོན་བྱས་ནས་བྱེད་དགོས་པར་བརྗོད་སོང་། དེ་རིང་གི་འགྲེམས་སྟོན་ནང་འདས་པའི་བོད་མི་ཆབ་སྲིད་བཙོན་ཟུར། རྒྱལ་ཡུམ་ཆེན་མོ་གཙོས་པའི་བོད་པའི་ལོ་རྒྱུས་ཁྲོད་གྲགས་ཆེ་བའི་བུད་མེད་མང་པོ་ཞིག་གི་ལོ་རྒྱུས་དང་པར་རིགས་སོགས་འགྲེམས་སྟོན་གནང་འདུག 

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ནས་བོད་ཀྱི་འགྲེམས་སྟོན་ཁང་ལ་མཚོན་ན་འདས་པའི་དུས་ཡུན་ནང་མི་ལོ་༢༥ ཁྲོད་ཐོག་མར་འགྲེམས་སྟོན་ཁང་ཆུང་ཆུང་ཞིག་ལས་མེད་པ་དང་། ཕྱིས་སུ་རྒྱ་སྐྱེད་བྱས་ནས་ད་ཆར་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དང་མཉམ་པའི་མཐུན་རྐྱེན་ཡོད་པར་བརྟེན། དུས་ནས་དུས་སུ་བོད་པ་གནས་སྡོད་ཁག་ཏུ་བོད་པའི་རྩ་དོན་དང་། ཆོས་དང་རིག་གཞུང་ངོ་སྤྲོད་ཆེད་དུ་སྐོར་སྐྱོད་བྱེད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་ཡིན་པར་བརྟེན། དེ་སྔོན་ཨ་རི་ལ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཏུ་འགྲེམས་སྟོན་བྱས་ཡོད་པས། སྐབས་དེ་དུས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཚོས་འགྲེམས་སྟོན་དེ་འདྲ་བྱས་པ་དེ་བོད་པའི་ན་གཞོན་ཚོ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་པས། མ་འོངས་པར་ཡང་སྐོར་སྐྱོད་དེ་འདྲ་ཡོང་རོགས་ཞེས་རྗོད་ཀྱི་འདུག་པས། ང་ཚོའི་ངོས་ནས་བོད་པ་གནས་སྡོད་བྱེད་སར་སྐོར་སྐྱོད་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་སོང་།
ཐེངས་འདིར་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་ཀྱི་བུད་མེད་ཅེས་པའི་དུས་ཐུང་འགྲེམས་སྟོན་དེ་ཟླ་བ་གཉིས་རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱེད་རྒྱུ་ཡིན་པ་དང་། དེ་རིང་ཉིན་རྒྱབ་བོད་ཀྱི་བུད་མེད་དང་འབྲེལ་བའི་གློག་བརྙན་ཞིག་བསྟན་རྒྱུ་ཡིན་པར་བརྗོད་སོང་། དེ་བཞིན་འགྲེམས་སྟོན་སྐབས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་གཞན་བོད་པའི་བུད་མེད་མང་པོ་ཞིག་མཛད་སྒོར་མཉམ་ཞུགས་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།