བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་དང་འབྲི་རུའི་ཞི་རྒོལ་གྱེན་ལངས་སྐོར་གྱི་སྙན་ཐོ་འདོན་སྤེལ།

ཕྱི་ཟླ་༤ པའི་ཚེས་༤ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་དང་། གཞན་ཡང་དམིགས་བསལ་འབྲི་རུའི་ཞི་རྒོལ་གྱེན་ལངས་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་། དེ་ཡང་ལོ་འཁོར་སྙན་ཐོ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས་བཏོན་འདུག་པ་དང་། དེ་དང་འབྲེལ་ནས་བརྒྱུད་བསྒྲགས་གནང་དོན། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལ་ཇེ་ཞན་དུ་ཕྱིན་ཏེ། ཕྱི་ལོ་༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་གོ་ལ་ཧྲིལ་པོའི་ནང་ནས་གནས་སྟངས་སྡུག་ཤོས་སུ་གྱུར་པ་གསལ་སྟོན་དང་། ལོ་དེའི་ནང་ཆོས་དད་རང་དབང་དང་རིག་གཞུང་རྩ་མེད། བྱིས་པའི་ཐོབ་ཐང་བཙན་འཕྲོག བཙན་གྱིས་གཞི་རིམ་གྲོང་ཚོ་གནས་སྤོ་བྱེད་བཅུག་པ། གཏམ་བརྗོད་རང་དབང་མེད་པ། གང་བྱུང་འཛིན་བཟུང་། སྐམ་ཐོག་ཆུ་མཛོད་གསར་རྒྱག་ལ་ཞི་རྒོལ་བྱེད་མཁན་རྣམས་འཇུ་བཟུང་བཀག་ཉར།ལོ་ན་༤ བཞི་ཙམ་ལ་སླེབས་པའི་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་རང་གི་ཕ་མ་དང་ཁ་བྲལ་ནས་རྒྱ་གཞུང་གིས་གཏན་འཇགས་སློར་གྲྭར་བཙན་འཇུག་བྱས་པ་སོགས་ཀྱིས་མཚོན། རྒྱ་ནག་གཞུང་གིས་བོད་མི་ཚོར་དཀའ་སྡུག་ཚད་ལས་འདས་པ་བཏང་བའི་ཐོག་ནས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པས་དེ་གའི་ལྟེ་གནས་ཁང་གིས་བོད་མི་རྣམས་ལ་དེ་བས་རང་དབང་དང་ཞི་བདེའི་སྤྱི་ཚོགས་ཤིག་ཡོང་རྒྱུར་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུ་བཞིན་ཡོད་པར་བརྗོད་འདུག དེ་བཞིན་འབྲི་རུའི་ཞི་རྒོལ་གྱེན་ལངས་སྐོར་གྱི་སྙན་ཐོ་དང་འབྲེལ་ཏེ། ཕྱི་ལོ་༢༠༡༢ ནས་ཕྱི་ལོ་༢༠༢༣ ལོ་བར་འབྲི་རུ་ཁུལ་གྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བའི་གནས་ཚུལ་ཁག་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་སྙན་ཐོ་འདོན་སྤེལ་ཞུས་ཡོད་པ་དང་། སྙན་ཐོའི་ནང་དུ། འཇིགས་སྐུལ། བཀག་ཉར། མནར་གཅོད། ཁྲིམས་འགལ་གྱིས་དམར་གསོད་བཏང་བ་སོགས་མིའི་རིགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་ཀྱི་དཔང་རྟགས་འབོར་ཆེན་ཞིག་དྲངས་ཡོད་པ་དང་། འདི་དག་ནི་རྒྱལ་ཁབ་ཀྱི་གཙོ་བོའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་བོད་མིའི་ཞི་རྒོལ་དང་ངོ་བོར་བཙན་གནོན་གཏོང་བའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་པར་བརྗོད་འདུག 

གཞན་ཡང་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༩ པའི་ནང་འགོ་འཛུགས་ཀྱིས་འབྲི་རུའི་ས་གནས་བོད་མི་ཚོས་རྒྱ་གཞུང་གིས་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀར་མ་ཉན་པར་སྐར་ལྔའི་དར་དམར་གཙང་པོའི་ནང་གཡུགས་ནས་རྒྱལ་དར་སྒྲེང་འཛུགས་ལ་ངོ་རྒོལ་བྱས་པས། རྒྱ་གཞུང་གིས་འབྲི་རུའི་མི་མང་ཚོའི་ཤེས་ཡོན་དང་། འཕྲོད་བསྟེན། རོགས་སྐྱོར། དཔལ་འབྱོར་གྱི་གོ་སྐབས་བཅས་མེད་པ་བཟོས་པ། ཞི་རྒོལ་རིགས་དྲག་པོའི་དམག་དཔུང་སྤྱད་ནས་དྲག་གནོན་གྱིས་མནར་གཅོད་དང་མེ་མདའ་བརྒྱབ་པ། འཇུ་བཟུང་བྱས་པ། ཕྱི་མིར་འབྲེལ་མི་ཆོག་པ་སོགས། སྤྱི་ཚོགས་དབྱེ་འབྱེད་དང་། འགྲོ་འོང་བཀག་སྡོམ། འཚོ་རྟེན་དབྱར་རྩྭ་དགུ་འབུ་འགོག་རྒྱུའི་འཇིགས་སྐུལ་སོགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བ་སོགས། རྒྱ་གཞུང་གིས་བོད་མི་རིགས་ལ་གཉའ་གནོན་དང་མནར་གཅོད་གཏོང་བཞིན་པ་དེར་སྣང་མེད་གཏོང་ཐབས་གཏན་ནས་མེད་པར་བརྗོད་འདུག་ལ། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བས། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་གཅིག་བཏོན་ཡོད་པ་དང་། དེའི་ནང་གསར་པ་དེ་ཙམ་བཤད་རྒྱུ་མེད་ཀྱང་དཀྲོག་གཏམ་མང་པོ་ཞིག་སྤེལ་བཞིན་པས། སྙན་ཐོ་འདི་འདོན་ཡས་ཀྱི་དུས་ཚོད་དེ་གནད་འགག་ཆགས་ཡོད་པ་དང་། འབྲི་རུའི་སྐོར་སྙན་ཐོ་འདོན་དགོས་དོན་ཡང་འབྲི་རུ་ལ་མཚོན་ན་རང་སྐྱོང་ལྗོངས་ནང་གནད་འགག་ཅིག་ཆགས་ཡོད་པ་དང་། འདས་པའི་ལོ་བཅུ་ལྷག་གི་ནང་འབྲི་རུའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་སྡུག་པོ་བྱུང་ཡོད་པ་དང་། ཉེ་བའི་ལོ་གཉིས་ཀྱི་ནང་གནས་ཚུལ་གཅིག་ཀྱང་རག་དཀའ་བའི་སྐོར་བརྗོད་ཅིང་། སྙན་ཐོ་འདི་འབྲི་རུའི་ནང་གི་གནས་ཚུལ་ཁུངས་ལྡན་གྱི་དཔང་རྟགས་ཤིག་ཡིན་པ་དང། འབྲི་རུའི་ནང་མི་སྟོང་ཕྲག་མང་པོར་མནར་གཅོད་དང་བཙོན་འཇུག་བྱས་ཏེ། ད་ལྟའི་ཆར་འབྲི་རུའི་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་དང་།རྒྱལ་སྤྱིའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་དང་ཞིབ་འཇུག་པ་བོད་ནང་དང་། དམིགས་བསལ་འབྲི་རུའི་ནང་གདན་འདྲེན་ཞུས་ཏེ་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད་པ་སོགས་བརྗོད་གནང་སོང་། དེ་བཞིན། དེ་གའི་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོས། 

སྤྱིར་བོད་རང་སྐྱོང་ལྗོངས་ཟེར་ནས་ཕྱི་ནས་བལྟས་ཀྱང་དམ་དྲག་ཞེ་བོ་ཡོད་པ་དང་། རྒྱ་གཞུང་གིས་རང་ལུས་མེར་སྲེག་མང་པོ་ཡོང་གི་ཡོད་རེད་དེ། དེ་དག་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་ནས་ཡིན་པ་ལས། རང་སྐྱོང་ལྗོངས་ནང་ཞི་བདེ་ལྷིང་འཇགས་ཡིན་པར་རྗོད་སྐབས། འབྲི་རུའི་ནང་ནས་རང་ལུས་མེར་སྲེག་བཏང་བ་དེས་རྒྱ་ནག་གཞུང་གི་རྫུན་ཕུག་བརྟོལ་ནས་ཁམས་འབྲི་རུའི་ནང་དམ་དྲག་ཧ་ཅང་བྱས་ཡོད་པ་དང་། དེ་ལ་འབྲི་རུའི་མི་མང་གིས་ངོ་རྒོལ་ཆེན་པོ་བྱས་པ་དང་། སྙན་ཐོ་འདིའི་འགོ་འཛུགས་ས་ཡང་དེ་ནས་བྱས་ཡོད་པ་སོགས་བརྗོད་པ་དང་། དེ་བཞིན་ཁོང་གིས་རྒྱ་གཞུང་ནས་འབྲི་རུའི་མི་མང་དཀྱུས་མ་ཚོ་ལའང་དོ་ཕོག་ཆེན་པོ་བཏང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་དག་གི་མིང་སྙན་ཐོའི་ནང་བཀོད་ཡོད་པ་བཞིན། ཁོང་ཚོ་ལ་ཉེས་ཆད་གཅོད་དགོས་པ་སོགས་སྙན་ཐོའི་ནང་བཀོད་ཡོད་པར་བརྗོད་སོང་ལ། 

ཁམས་འབྲི་རུའི་ནང་གི་ཆབ་སྲིད་ཀྱི་རྒྱབ་ལྗོངས་དང་གནས་ཚུལ་མང་པོ་ཞིག་ཕྱིར་དོན་ཐུབ་ཀྱི་མེད་པ་དང་། སྤྱིར་སྙན་ཐོ་རྡོག་རྡོག་ག་རེ་ཡིན་པ་དང་ཁྲིམས་འགལ་ག་རེ་ཡིན་པ་མ་གཏོགས་ལོ་རྒྱུས་འདྲ་བོ་འབྲི་སྲོལ་མེད་ཀྱང་། ད་ལན་འབྲི་རུའི་ཆབ་སྲིད་ལོ་རྒྱུས་རྒྱབ་ལྗོངས་དེ་གནད་འགག་ཆེན་པོ་མཐོང་ནས། རིག་གནས་གསར་བརྗེ་སོགས་ཀྱི་སྐོར་བྲིས་ཡོད་པ་དང་། དེ་བཞིན་༢༠༡༣ སོགས་ལ་འབྲི་རུའི་ནང་རྒྱ་གཞུང་གིས་ཁྲིམས་འགལ་གྱི་བྱ་བ་མང་པོ་བྱེད་སྐབས་སུ། རྒྱ་གཞུང་གི་འགོ་ཁྲིད་སུ་སུ་ཡིན་ཁོང་ཚོའི་ལོ་རྒྱུས་ཧ་གོ་རྒྱུའི་ཐབས་ཤེས་བྱས་ཏེ། ད་ལྟ་འགོ་ཁྲིད་ཁ་ཤས་ཤིག་གི་ལོ་རྒྱུས་བརྩད་གཅོད་ཐུབ་ཡོད་པར་བརྗོད་སོང་། གཞན་ཡང་རང་དབང་ཉམས་ཞིབ་པ་འབྲི་རུ་སྐལ་ལྡན་ནས་ད་ལྟ་འབྲི་རུའི་ནང་དམ་དྲག་འདི་ལྟར་ཡོང་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ། ཕྱི་ལོ་༡༩༥༩ དང་༡༩༦༩ ལོར་འབྲི་རུའི་ནང་རྒྱ་རྒོལ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་སོགས་དང་སྐབས་དེར་རྒྱ་གཞུང་གིས་ལས་འགུལ་སྣེ་ཁྲིད་པ་མང་པོ་ཞིག་ནང་མི་ཚོ་གཞས་འཁྲབ་བཅུག་པའི་ཁྲོད་དུ་ངན་གསོད་བྱས་ཡོད་པ་སོགས་ཀྱི་སྐོར་གཏམ་བཤད་གནང་སོང་ལ། དེ་བཞིན་ཁྲིམས་ལུགས་རིག་པ་བ་དཀོན་མཆོག་རིན་ཆེན་ནས་འབྲི་རུའི་ནང་གི་ད་ལྟའི་གནས་སྟངས་དང་འབྲེལ་ཉེ་ཆར་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་ཐེར་དུ་བོད་ནང་ལྷ་ཡུལ་ལྟ་བུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས་བོད་ནང་དང་ལྷག་ཏུ་འབྲི་རུའི་དམྱལ་བའི་ལུང་པ་རེད་ཅེས་རྗོད་ཀྱི་ཡིན་པ། དེ་བཞིན་འབྲི་རུའི་བདེ་འཇགས་ཡིན་ན་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཡིན་པར་བརྗོད་པའི་སྐོར།

གཞན་ཡང་འབྲི་རུའི་ནང་གི་གཞས་པ་དང་རྩོམ་པ་པོ་སོགས་བཙོན་འཇུག་བྱས་པ། གྲྭ་བཞིའི་བཙོན་ཁང་ནང་སྡེ་ཚན་གཅིག་གི་ནང་དུ་འབྲི་རུ་བ་དྲུག་བརྒྱ་ལྷག་ཡོད་པ། རྒྱ་གཞུང་གིས་འབྲི་རུ་གཅིག་པུ་ལ་འགྲོ་གྲོན་ཆེན་པོ་གཏོང་བཞིན་པ་དང་། གྲོང་པ་རེ་རེའི་ནང་མི་རེ་ལྟ་མཁན་བཞག་ཡོད་པའི་སྐོར་སོགས་དང་། བཙན་བྱོལ་ནང་གི་གསར་འགོད་པ་དང་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་གིས་བོད་ནང་གི་གནས་སྟངས་ལ་འགན་ལེན་དགོས་ཚུལ། རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ནང་གི་སྐྱག་རྫུན་དག་སྙན་ཐོ་འདིས་ལན་འདེབས་བྱས་ཡོད་པ། འབྲི་རུའི་མིས་དེ་ལྟར་བྱས་པ་ནི་བོད་རྒྱལ་ཁབ་སླར་གསོ་དང་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་པའི་ཆེད་དུ་ཡིན་པ་སོགས་དང་འབྲེལ་བའི་གཏམ་བཤད་གནང་། གཞན་ཡང་ཕྷ་རན་སི་ས་གནས་གཞོན་ནུའི་ཚོགས་གཞོན་བསླབ་གསུམ་བསྟན་དར་གྱིས་དྲྭ་ལམ་ནས་བོད་ས་སྟོད་སྨད་བར་གསུམ་དུ། རྒྱ་ནག་གཞུང་གིས་བོད་ནང་དུ་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འགྲོ་འདུག་གི་རང་དབང་སོགས་ཡོད་པ་སྟོན་གྱི་ཡོད་ཀྱང་། དོན་ངོ་མ་གང་ཡིན་པ་སྙན་ཐོ་འདིའི་ནང་ནས་བསྟན་ཡོད་པ། ཞི་བའི་འཐབ་རྩོད་པ་ཞིག་ཡིན་ན་སྙན་ཐོ་འདི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་ཞུ་གཏུག་བྱེད་སྐབས་གལ་ཆེན་པོ་ཡིན་པ། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་ལ་ཡང་བོད་ནང་གི་གནས་སྟངས་གང་ཡིན་པའི་དཔང་པོ་འདི་འདྲ་ཞིག་ཡོད་ན་ཁོང་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད་པ། དེ་བཞིན་གསར་འགོད་པ་ཚོ་ཚད་དང་ལྡན་པ་ཞིག་དགོས་པ་དང་། བོད་ནང་གི་གནས་ཚུལ་དག་ཉར་ཚགས་དགོས་པ་དང་། དེ་སྔོན་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་མང་པོ་ཞིག་བརླགས་ཚར་འདུག་པས་བློ་ཕམ་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་། ཐེངས་འདིར་གཏམ་བཤད་པ་དང་གསར་འགོད་པ། ཟུར་ཉན་པ་བཅས་མི་མང་པོ་ཞིག་མཉམ་ཞུགས་གནང་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།