བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱལ་ཁབ་༡༢ ནས་སེམས་འཚབ།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་སྐབས་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེར་བཏོན་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་༣༡ པའི་ཐོག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཐོག་དུས་བཀག་བསྐྱར་ཞིབ་གནང་ཐེངས་གསུམ་པ་ཆགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་བཅས་ཟུར་ཉན་དུ་བཅར་ཡོད་པ་རེད་འདུག

དུས་བཀག་བསྐྱར་ཞིབ་དེའི་ཐོག ཨོ་སི་ཊོ་ལི་ཡ་དང་། ཁེ་ན་ཌ། ཨོ་སི་ཊི་རི་ཡ། འཇར་མན། ནིའུ་ཛི་ལེན་ཌི། སུ་ཝི་ཌེན། སུད་སི། དབྱིན་ཡུལ། ཨ་རི། ཌེན་མག ཧྥ་རན་སི། ཉི་ཧོང་བཅས་རྒྱལ་ཁབ་བཅུ་གཉིས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་ལ་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེར་བཏོན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་འཐབ་རྩོད་གནང་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་བཙོན་འཇུག་བྱས་པའི་གནད་དོན་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་ཅིག་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚོད་འཛིན་ཤུགས་ཆེར་བྱེད་བཞིན་པར་སེམས་འཚབ་ཡོད་པ། བོད་ནང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བཀག་འགོག་མེད་པར་འགྲོ་འཇུག་དགོས་པའི་རེ་འདུན་བཅས་བཏོན་ཡོད་འདུག་པ་མ་ཟད། ནིའུ་ཛི་ལེན་ཌི་ནས་བོད་ཀྱི་གནད་དོན་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་འདུག

ཐེངས་འདིར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་སྐབས་གོང་གསལ་རྒྱལ་ཁབ་བཅུ་གཉིས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་བསྟན་ཡོད་ཁར། འདི་ལོའི་ཕྱི་ཟླ་༩ ཙམ་ནས་ཨ་རི་དང་དབྱིན་ཡུལ། སྦེལ་འཇམ། སུ་ཝི་ཌེན། ཨོ་སི་ཊི་རི་ཡ། འཇར་མན། སུད་སི་བཅས་རྒྱལ་ཁབ་བདུན་ནས་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་སྐོར་འདྲི་རྩད་གནང་ཡོད་པའི་ནང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་གི་གནས་སྟངས་ཐད་འདྲི་རྩད་དང་། རྒྱ་ནག་གཞུང་ལ་བོད་དང་ཡུ་གུར་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ། བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཅིག་ནང་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག

གནད་དོན་འདིའི་ཐོག་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནས་“བར་ལམ་ནས་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད།  གནས་སྟངས་དེ་དག་ཇེ་བཟང་དུ་གཏོང་ཐབས་སུ་འབད་བརྩོན་བྱེད་ཀྱི་མེད་པ་གསལ་རྟོགས་བྱུང་ཡོད། དེར་བརྟེན་དུས་བཀག་བསྐྱར་ཞིབ་འདི་ལྟ་བུ་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མིན་རྩད་ཞིབ་ཐུབ་རྒྱུ་དང་།  དེ་ལ་བརྟེན་ནས་ས་ཁུལ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཕན་འབྲས་ཡོང་ཐུབ་”ཅེས་གསུངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་སྤེལ་འདུག་པ་དང་། དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་“དུས་བཀག་བསྐྱར་ཞིབ་ལེགས་པར་གྲུབ་པ་རེད། ད་ཆ་ང་ཚོས་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད།  དུས་བཀག་བསྐྱར་ཞིབ་སྐབས་རྒྱ་ནག་གཞུང་ལ་བཏོན་པའི་བསམ་འཆར་དེ་དག་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་དགོས་པ་ཞིག་བཟོ་ཐུབ་པ་བྱ་རྒྱུ་དང་།   བོད་ནང་དམིགས་བསལ་རྟོག་ཞིབ་མི་སྣ་འགྲོ་འཇུག་དགོས་པ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་གོ་བསྡུར་སྦྱང་བཤད་ཤུགས་ཆེ་རུ་གཏང་བ་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་འགན་ཁུར་ཡོད་པ་ཞིག་བཟོ་རྒྱུའི་ཆེད་འབད་བརྩོན་བྱ་རྒྱུ་ཡིན་”ཞེས་གསུངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།