བོད་ཀྱི་འཆི་གསོན་དང་ཐུག་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༡   ཕྱི་ལོ་ ༢༠༡༨/༨ /༨  

སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ཧྲིལ་པོ་༨༣ དང་། བོད་ལུགས་ལྟར་ན་དགུང་གྲངས་༨༤ ལ་ཕེབས་ཟིན་པ་རེད། སྤྱིར་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྡུག་བསྔལ་བའི་སེམས་ཅན་གྱི་དོན་དུ་བསམ་བཞིན་བྱོན་པར་སྐུ་ངལ་གྱི་མཚན་མ་ཡེ་ནས་མེད་ནའང་། ཐུན་མོང་གདུལ་བྱའི་སྣང་ངོར་མི་ཡི་གཟུགས་སུ་བྱོན་པ་ཞིག་ཡིན་སྟབས། སྐུ་ངལ་གསོ་བ་སོགས་ཀྱི་མཛད་པ་ནི་དུས་རྒྱུན་དུ་ལྷོད་ཡང་གཏན་ནས་མི་རུང་བའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ཉེ་ཆར་ལ་དྭགས་ཀྱི་ཕྱོགས་སུ་ཟླ་གཅིག་ཙམ་རིང་ཆིབས་བསྒྱུར་བསྐྱངས་པའི་སྐབས། ཡར་མར་གྱི་མཛད་འཆར་རྒྱས་དྲགས་པ་དང་། ཁོར་ཡུག་དང་གནས་སྟངས་སྣ་ཚོགས་པའི་དབང་གིས་སྐུ་ཐང་ཆད་པའི་རྣམ་འགྱུར་གསལ་པོ་མཇལ་རྒྱུ་ཡོད་པ་མ་ཟད། ༧གོང་ས་མཆོག་གང་ཉིད་ཀྱི་ཞལ་ནས་ཀྱང་དེ་ལུགས་གསལ་པོ་གསུངས་ཡོད་པ་ཚང་མས་ཤེས་རྟོགས་བྱུང་ཡོད་པས། མ་འོངས་པར་སྐུ་བཅར་སྐུ་འཁོར་རྣམ་པས་ཀྱང་གནད་དོན་དེ་དག་གི་ཐོག་ལ་ཐུགས་བསམ་ངེས་པར་དུ་བཞེས་དགོས་པ་ཞིག་རེད།

གཙོ་ཆེ་ཤོས་གཞུང་སྒེར་ཚོགས་སྡེ་ཁག་དང་མི་སྒེར་ངོས་ནས། ༧གོང་ས་མཆོག་ཡར་མར་གདན་འདྲེན་ཞུ་གང་ཐུབ་བྱེད་པ་དང་། སྐུ་འཁོར་རྣམ་པའི་ངོས་ནས་ཀྱང་དེ་དག་ལ་དོ་དམ་ནན་པོ་མ་གནང་བར་སྙན་གསན་ཞུས་དུས། ༧གོང་ས་མཆོག་ནི་ཕྱོགས་བཅུའི་རྒྱལ་བ་ཀུན་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་རང་གཟུགས་སུ་གྲུབ་པ་ཞིག་ཡིན་པས་ཞུས་དོན་ཐུགས་ནས་འདོར་མི་སྲིད་པར། སྐུ་ངལ་གསོ་བའི་དུས་ཚོད་མི་རག་པ་ནི་སྨྲོས་མི་དགོས་པ་ཞིག་རེད། མུ་མཐུད་དེ་ལྟར་གནང་ན་༧གོང་ས་མཆོག་གི་ཞལ་ནས་“ལོ་རྒན་༨༤ ཟིན་གྲབས་ཡོད་པའི་མི་ཞིག་ལྷོད་ལྷོད་ཀྱིས་ཚེ་རིང་པོ་བསྡད་ན་དགའ་བ་འདུག་གམ། བྲེལ་བ་ཚ་པོ་བྱས་ནས་ཚེ་ཐུང་ཐུང་བྱས་ན་དགའ་བ་འདུག”ཅེས་གསུངས་པ་བཞིན། ཉེན་ཁ་ཧ་ཅང་ཆེ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། མ་འོངས་པར་གདན་འདྲེན་དང་མཇལ་ཁ་ཞུ་མཁན་དག་ལ་དོན་དག་གལ་ཆེན་པོ་རེ་ཡོད་སྲིད་ནའང་། འཛམ་གླིང་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་སྤྱིའི་བདེ་དོན་ལ་བསམ་བློ་བཏང་ནས་༧གོང་ས་མཆོག་སྐུ་ངལ་གསོ་རྒྱུ་ནི་ཡོད་ཚད་ལས་གལ་ཆེ་ཤོས་སུ་བརྩི་དགོས་པར་མཐོང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྐྱབས་དང་རེ་ལྟོས་ཞུ་ཡུལ་ཉག་གཅིག་དེ་ཡིན་སྟབས། མགོན་པོ་གང་གི་སྐུ་ཚེ་ནི་བོད་སྤྱིའི་རྩ་དོན་བདེ་སྡུག་གི་གནས་སྟངས་དང་ཡོངས་སུ་འབྲེལ་ནས་ཡོད་པ་ཞིག་ཏུ་གྱུར་ཡོད། ༧གོང་ས་མཆོག་གི་མཛད་འཆར་གྱི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐག་གཅོད་ཞུ་ཐུབ་པ་ཞིག་ཡིན་མིན་གང་ལྟར་ཡང་། དགའ་ལྡན་ཕོ་བྲང་ལ་དེ་ལུགས་སྙན་སེང་གསོལ་འདེབས་ཞུ་རྒྱུར་ཕྱོགས་ཡོངས་ནས་འོས་བབས་ཆེ་ཤོས་སུ་གྱུར་ཡོད། ཇི་སྲིད་༧གོང་ས་མཆོག་ཞལ་བཞུགས་པ་དེ་སྲིད་དུ་བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་བརླགས་མི་སྲིད་ལ། ཆོས་དང་རིག་གནས་སོགས་ཀྱི་ཁོར་ཡུག་ཀྱང་ཉམས་མི་སྲིད་པ་ཞིག་རེད། ད་ལྟའི་ཆར་བཙན་བྱོལ་བོད་མི་ནང་ཁུལ་དུ་གནད་དོན་ཆུང་ཙག་རིགས་ལ་བརྟེན་ནས་རྩོད་རྙོག་རྒྱུན་མི་ཆད་དུ་ཡོང་གི་ཡོད་ནའང་། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དགུ་འཐོར་དུ་འགྲོ་མི་སྲིད་པ་ཞིག་དང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡང་སྔར་བཞིན་གནས་ངེས་རེད།

གནད་དོན་འདི་ནི་མི་སྒེར་རེ་ཟུང་གི་ངོ་སོ་དང་གཏན་ནས་བསྡུར་ཐབས་མེད་པར་རྒྱལ་ཁབ་དང་མི་རིགས་ཤིག་གི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་སྟབས། སྐུ་བཅར་རྣམ་པར་འགན་ཆེ་ཤོས་ཡིན་པས་སྤྱི་དང་བྱེ་བྲག་གི་དབྱེ་བ་གསལ་པོ་འབྱེད་དགོས་པ་དང་། གདན་འདྲེན་ཞུ་མཁན་དང་། མཇལ་ཁ་ཞུ་མཁན་གྱི་ནང་དུ་སྐབས་རེ་ནང་ཁུལ་རྩོད་རྙོག་ཆུང་ཙག་རིགས་ཡོད་མཁན་ཚོས་ཁ་གཏད་ཕམ་པར་རྒྱག་ཆེད་དང་། རང་ཉིད་ཀྱི་ནོར་འཁྲུལ་དང་ནག་ཉེས་ཡོད་པ་རྣམས་༧གོང་ས་མཆོག་གི་མཉམ་དུ་སྐུ་པར་བརྒྱབ་ནས་སྤྱི་ཚོགས་ནང་དག་ཐབས་བྱེད་མཁན་མང་པོ་ཡོད། ད་དུང་ཁག་ཅིག་གིས་༧གོང་ས་མཆོག་བེད་སྤྱད་ནས་དཔལ་འབྱོར་འདུ་འགོད་བྱེད་མཁན་ཡང་ཡོང་གི་ཡོད་སྟབས། གདན་འདྲེན་དང་མཇལ་ཁ་ཞུ་མཁན་ཡོངས་རྫོགས་ཀྱི་དམིགས་ཡུལ་དང་དགོས་པའང་གཅིག་མཚུངས་གཏན་ནས་མིན། གང་ལྟར་དགའ་ལྡན་ཕོ་བྲང་གི་ལས་བྱེད་སྐུ་བཅར་རྣམ་པའི་ཕྱག་ལས་དེ་འགན་ཆེ་བ་དང་། གལ་གནད་ཆེ་བ་ཞིག་ཡིན་པས་ཁོང་རྣམས་ལ་སྐུ་ངལ་མང་པོ་ཡོད་ནའང་། ཕྱག་ལས་དེ་ནི་ཅུང་ཙམ་ནོར་ཡང་ཉེན་ཁ་ཆེན་པོ་ཡོད་པ་ཞིག་རེད།

མདོར་ན་ད་ལྟའི་ཆར་བོད་མི་རིགས་ཀྱི་འཆི་གསོན་དང་བདེ་སྡུག་ཚང་མ་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བ་ཡོད་པ་དང་། མ་འོངས་པར་༧གོང་ས་མཆོག་གི་ལམ་སྟོན་བཞིན་བོད་མི་རིགས་དེ་རང་ཉིད་ཀྱི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་པ་ཞིག་ཡོང་དགོས་ནའང་། ད་དུང་ཡང་བོད་པའི་བསམ་བློའི་ནང་དུ་༧གོང་ས་མཆོག་གི་ཐུགས་རྗེ་གྲིབ་བསིལ་ལ་བརྟེན་རྒྱུ་ལས། རང་སྐྱ་འཕེར་བའི་བསམ་བློ་གཏོང་མཁན་ནི་ཅུང་ཙམ་དཀོན་པོ་ཡིན་པ་མ་ཟད། ནུས་པ་ཅུང་ཙམ་ཡོད་མཁན་ཚོས་ཀྱང་རང་ཉིད་ཁོ་ནའི་མདུན་ལམ་ཆུང་ངུ་ཞིག་ལ་བསམ་བློ་གཏོང་བ་ལས། མི་རིགས་དང་རྒྱལ་ཁབ། རིག་གཞུང་བཅས་ཀྱི་ཐོག་ལ་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པས། ༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོའི་ཐོག་ནས་གསོ་སྐྱོང་གནང་བའི་དགོས་དམིགས་དང་བར་ཐག་རིང་ཙམ་དུ་གྱུར་ཡོད། གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་གི་སྐུ་ཚེ་དང་མཛད་འཕྲིན་ནི། འཛམ་གླིང་སྤྱི་དང་བྱེ་བྲག་བོད་མི་རིགས་ཀྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་སྟབས་སྐུ་ཚེ་ཡུན་དུ་བརྟན་པར་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་དགོས་པར་སྣང་།།