བོད་ཀྱི་འབྲོག་པའི་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་བར་ངོས་ལེན་མེད་པ།
སྲི་ཊེ་ཧྥེན་ མེ་ཁི་ཌོ་ནེལ་གྱིས་བྲིས། (Stephen McDonell) གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བསྒྱུར།

ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་འཕོ་འགྱུར་དང་ཡར་རྒྱས་ལ་མ་ལྟོས་པར། བོད་ཀྱི་འབྲོག་སྡེ་རྣམས་ནི་ད་དུང་ཡང་སྔར་རྒྱུན་བཞིན། མཐོ་སྒང་གི་ཡུལ་གྲུ་རྣམས་སུ་དབྱར་ཁར་དུས་ལྟར་རུ་བ་སྐྱ་བཞིན་གནས་འདུག་ཅེས། གསར་འགོད་པ་གསི་ཊེ་ཧྥེན་མེག་ ཌོ་ནེལ་ (Stephen McDonell) གྱིས་གནས་ཚུལ་སྤེལ་འདུག ཐོག་མར་སྡོད་གནས་ངེས་ཅན་མེད་པའི་གདོད་མའི་བོད་ཀྱི་ཚོ་ཁག་རྣམས། གཞི་རྒྱ་ཆེ་ཞིང་གྲོག་རོང་ཟབ་པའི་བོད་ཀྱི་ཡུལ་ལྗོངས་སུ་འཁྱམ་ཉུལ་རང་བྱས་ནས་མི་ཚེ་བསྐྱལ་བའི་དུས་ཚོད་ཅིག་བྱུང་ཡོད།
དེ་ནས་མི་རབས་མང་པོ་མང་པོའི་རྗེས་སུ་རིམ་བཞིན་ཁོ་ཚོ་འབྲོག་སྡེ་རུ་གྱུར་ནས། རུ་ཁག་རུ་ཁག་ལ་གནས་བཅས་ཏེ་བསྡད་ནས་ཉལ་བའི་ལམ་ལུགས་བྱུང་སྟེ། ནམ་དུས་ཀྱི་འགྱུར་བ་དང་ལྷན་དུ་རྩ་ཆུ་གང་བཟང་ལ་སྒོ་ཕྱུགས་སེམས་ཅན་རྣམས་དེད་དེ་འཚོ་སྐྱོང་བྱེད་དུ་ཕྱིན་ཡོད། རི་བོ་དང་། གཙང་པོ་ལ་བརྟེན་ནས་ཁོ་ཚོས་སོ་སོའི་ས་ཆའི་ཁྱབ་ཚད་འབྱེད་ཀྱི་ཡོད་ལ། འབྲོག་པའི་འཚོ་བས་ནི་ཁོ་རང་ཚོའི་རིག་གནས་ཡོད་དོ་ཅོག་ལ་ཡོངས་སུ་ཁྱབ་ཡོད། ད་ལྟ་སྟེ། ཕྱི་ལོ་༢༠༡༦ ལོ་འདིར་ཀུན་གྱིས་དེ་འདྲའི་མི་ཚེ་སྐྱེལ་སྟངས་དེ་རྩ་མེད་གྱུར་ཡོད་པར་འདོད་ཀྱང་། དོན་དངོས་སུ་དེ་ལྟར་གཏན་ནས་མིན། དེ་ལྟ་ནའང་། ད་ལྟ་དེ་འདྲའི་ཐུན་མིན་གྱི་གདོད་མའི་འཚོ་བ་སྐྱེལ་སྟངས་ལ་གནོན་ཤུགས་གང་འཚམས་ཤིག་འབྱུང་བཞིན་ཡོད་པ་ནི་མངོན་གསལ་རེད།

ང་ཚོ་རྔ་པ་ས་གནས་སུ་ཡོད་པའི་བོད་ཀྱི་འབྲོག་སྡེ་ཞིག་ཏུ་འགྲུལ་བཞུད་འགྲོ་རྒྱུ་འགོ་བཙུགས་པ་ཡིན། ས་གནས་འདི་ནི་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱེད་སའི་ལྟེ་གནས་ཤིག་ཡིན་པའི་རྒྱུ་མཚན་གྱིས། ཉེ་བའི་ལོ་ཤས་ཀྱི་རིང་ནས་འཛམ་གླིང་ཡོངས་ཀྱིས་ས་གནས་འདི་ལ་དོ་སྣང་བྱུང་བ་རེད། སྤྱིར་བོད་ཀྱི་ལུང་པ་མི་འདྲ་བ་ཁག་ནས་ད་བར་པེ་ཅིང་གཞུང་གི་སྲིད་ཇུས་ལ་མི་གྲངས་༡༥༠ ལ་ཉེ་བས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཟིན་རུང་། དེ་དག་ལས་མང་བ་ནི་སྐྱ་སེར་གཉིས་ལས་སེར་མོ་བ་སྟེ། གྲྭ་བཙུན་ཡིན་ལ། ཡང་ཡུལ་ལུང་གི་ཐད་ནས་ཁོ་ཚོ་མང་ཆེ་བ་ནི་རྔ་པ་རང་ནས་ཡིན། དེའི་རྐྱེན་གྱིས་རྔ་བ་ས་གནས་སུ་རྒྱ་གཞུང་གིས་ལོ་མང་རིང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་རུང་། ད་ཆ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་སྔར་ལས་ཉུང་བ་ཆགས་ཡོད་རྐྱེན། རྔ་བ་ས་གནས་ས་ཐོག་ལ་འགྲོ་ཐུབ་པ་དང་། ས་གནས་མི་མང་དང་མཉམ་དུ་ང་ཚོས་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་ཐུབ་པའི་རེ་བ་རྒྱག་གི་ཡོད།
རྔ་བ་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་མར་བཅད་པའི་བོད་ཀྱི་རྫོང་ཞིག་ཡིན་ལ། ས་གནས་འདི་ནི་བྱི་ལ་དོམ་དང་། སྨན་སྣ་ཅན་གྱི་ཟས་རིགས་ཀྱི་འབྱུང་ཁུངས་ཀྱང་ཡིན གལ་ཏེ་ཁྱེད་རང་གིས་ས་ཁྲ་ནས་བལྟས་ནས་ས་གནས་འདི་རྒྱལ་ཁབ་ཀྱི་དབུས་སུ་ཡོད་པ་མཐོང་ཐུབ། རེད་དེ། གལ་ཏེ་ཁྱོད་རང་ས་གནས་དེའི་གྲོང་ཁྱེར་གཙོ་བོ་ཁྲིན་ཏུ་དང་ཁ་བྲལ་ནས་ནུབ་ཕྱོགས་སུ་ཕྱིན་ན། མྱུར་དུ་འཛམ་གླིང་གཞན་ལྟ་བུའི་མཐོ་སྒང་བོད་ཀྱི་ཡུལ་དུ་འབྱོར་ཐུབ།

མི་ཚོས་བོད་པའི་སྐོར་ལ་བཤད་དུས་ཁོ་ཚོས་དེ་བོད་རང་སྐྱོང་ལྗོངས་གཅིག་པུའི་སྐོར་ལ་བཤད་ཀྱི་ཡོད་པ་ལས་བོད་རིགས་ཡོངས་རྫོགས་ལ་བཤད་ཀྱི་མེད། བོད་རང་སྐྱོང་ལྗོངས་སུ་ཕྱི་རྒྱལ་བ་རྣམས་ལ་དམིགས་བསལ་ཆོག་མཆན་མེད་ཚེ་འགྲོ་ཆོག་གི་མེད་ལ། གསར་འགོད་པ་ཉུང་ཤས་ཤིག་ལས་འགྲོ་བསྐྱོད་ཐུབ་ཀྱི་མེད། ཉུང་ཤས་ཤིག་འགྲོ་ཐུབ་པ་དེ་དག་ལ་ཡང་སོ་ལྟ་བ་ལྟ་བུ་མི་ཞིག་རྟག་པར་མཉམ་དུ་གཞུང་གིས་མངགས་ཀྱི་ཡོད། འོན་ཀྱང་། དོན་དངོས་སུ་བོད་རིགས་འཚོ་གནས་བྱེད་སའི་གཞི་རྒྱ་ཆེ་བའི་བོད་ཡུལ་ནི་བོད་རང་སྐྱོང་ལྗོངས་ལས་ལྡབ་གཉིས་ཀྱིས་ཆེ་བ་ཡོད་ལ། ཡུ་ནན་དང་། མཚོ་སྔོན། ཀན་སུ། སི་ཁྲོན་བཅས་ཚང་མར་བོད་ཀྱི་ལུང་པ་ཡོད་ལ་དེ་དག་གི་ནང་དུ་བོད་རིགས་ཀྱང་ཡོད།
བོད་ཀྱི་ས་ཆ་རུ་གྲགས་པའི་གནས་རྣམས་སུ་ང་ཚོ་འབྱོར་བ་དང་ཉེན་རྟོག་པ་མགྱོགས་པོར་ང་ཚོ་སར་ཡོང་ནས་ལྟ་ཞིབ་བྱེད་ཀྱི་འདུག ང་ཚོས་ས་གནས་སུ་ཡོང་ཕྱིར་གྲ་སྒྲིག་བྱེད་པ་དང་། ས་གནས་མི་མང་དང་མཉམ་དུ་འབྲེལ་བ་བྱས་ནས་བཅར་འདྲི་བྱེད་པ་སྲིད་གཞུང་གིས་ཧ་གོ་ཡི་ཡོད་པས། ཁོ་ཚོས་ང་ཚོའི་བྱེད་སྒོ་དེར་བསྒུགས་བསྡད་ཡོད། ང་ཚོ་ས་གནས་དེར་འབྱོར་བ་དང་”ཁྱོད་ཚོ་དེར་ཡོང་ཆོག་གི་མ་རེད། ས་ཆ་གཞན་ལ་རྒྱུག་”ཅེས་ང་ཚོའི་བཅར་འདྲི་བྱེད་ཡུལ་ས་གནས་ཀྱི་མི་དེ་ག་རང་ལ་ཁོ་ཚོས་ལན་བསྐུར་ཡོང་གི་འདུག
ང་ཚོས་ཁ་པར་ནས་འཕྲིན་ཐུང་ཞིག་གཏོང་བ་དང་། ཉེན་རྟོག་པ་ང་ཚོའི་སར་ཡོང་ནས། ཁྱོད་ཚོས་འདིར་ག་རེ་བྱེད་ཀྱི་ཡོད། ཁྱོད་ཚོའི་འཆར་གཞི་ག་རེ་ཡིན་ཞེས་དྲི་བ་བཀོད་ཀྱི་འདུག ང་ཚོ་དུས་ཚོད་འདིར་ཆེད་དུ་ཡོང་ནས་འབྲོག་པ་རྣམས་ག་འདྲ་གནས་སྤོ་བྱེད་ཀྱི་ཡོད་མེད་དང་། དབྱར་ཁར་སྒོ་ཕྱུགས་རྣམས་རིའི་སྒང་དུ་ག་འདྲ་འཚོ་སྐྱོང་བྱེད་ཀྱི་ཡོད་མེད་བཅས་ལ་གློག་བརྙན་བཟོ་ཕྱིར་ཡོང་བ་ཡིན་ཞེས་ང་ཚོས་འགྲེལ་བརྗོད་བྱས།
ཁོ་ཚོས་ང་ཚོས་གང་བཤད་པ་ལ་ཉན་རྗེས་ང་ཚོ་ཕྱིར་ཕུད་བཏང་མ་སོང་། འོན་ཀྱང་། ཕྱི་ཉིན་མར་ང་ཚོས་གྲ་སྒྲིག་བྱས་པ་དེ་དག་གི་སྒང་ལ་སྐད་ཆ་བཤད་ནས་འགྲུལ་བཞུད་བྱེད་རྩིས་བྱེད་སྐབས། སྲིད་གཞུང་གིས་མངགས་པའི་མིས་ང་ཚོའི་སྐད་ཆར་ཉན་བསྡད་འདུག རྩྭ་ཐང་ལ་ཉི་འོད་མ་འཕྲོས་གོང་ང་ཚོ་ཡར་ལངས་པ་ཡིན། ང་ཚོའི་འགྲམ་དུ་གྲོང་གསེབ་ཁ་ཤས་འདུག མི་མང་ཆེ་བ་དེར་གཏན་སྡོད་བྱེད་ཀྱི་ཡོད་ལ། མ་མཐའ་ཡང་། གྲང་ངར་ཆེ་བའི་དགུན་ཟླ་གསུམ་གྱི་རིང་ལ་སྡོད་ཀྱི་ཡོད་པ་རེད། རྗེས་སུ་སྲིད་གཞུང་གིས་གྲོང་གསེབ་རྣམས་སྔར་སོ་སོ་སྡོད་སའི་ས་ཆ་ནས། ས་གནས་གཞན་ལ་གནས་སྤོ་བྱེད་དགོས་པའི་སྲིད་ཇུས་བཏིང་རྗེས། བོད་པ་རྣམས་གྲོང་བརྡལ་དུ་གནས་སྤོ་བྱས་ཡོད། དཔྱད་བརྗོད་པ་ཚོས་དེ་ནི་སྲིད་གཞུང་གིས་མི་མང་ལས་སླ་པོའི་ངང་ནས། སྟངས་འཛིན་བྱེད་ཐབས་ཀྱི་འཕྲུལ་འཁོར་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཀྱི་ཡོད་རུང་། རྒྱ་ནག་དམར་ཤོག་ཚོགས་པས་དེ་ནི་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་པ་ལས་གཞན་གང་ཡང་མིན་སྐོར་བརྗོད་ཀྱི་ཡོད།
དེར་བརྟེན། ལོ་གཅིག་གི་དུས་ཡུན་ཕལ་ཆེ་བར་བརྙན་འཕྲིན་དང་། གྲང་གློག་སོགས་གློག་གི་མཐུན་སྦྱོར་རྣམས་ཐོབ་ཐུབ་ཀྱི་ཡོད། འོན་ཀྱང་། དབྱར་ངོ་ཤར་བ་དང་། འབྲོག་པ་རྣམས་བསྐྱར་དུ་ཕ་མེས་ཡང་མེས་ཀྱི་ལུང་པ་སྟེ། རི་མགོར་འགྲོ་ཡི་ཡོད། ས་གནས་དེའི་ཡུལ་མི་སྐལ་བཟང་རྒྱ་མཚོས་“འབྲོག་སྡེ་འདི་ནི་ང་ཚོའི་སེམས་གཏིང་གི་འབྲོག་སྡེ་ཞིག་ཡིན་”ཞེས་བརྗོད་བྱུང་ལ། ཡང་“ང་ཚོ་གནའ་སྔ་མོ་ཡབ་མེས་ཚོའི་དུས་ནས་འདི་འདྲ་བྱས་བསྡད་ནས་ཡོང་བ་རེད། དངོས་གནས་བྱས་ན་ང་ཚོ་ཁང་པའི་ནང་སྡོད་རྒྱུར་དགའ་པོ་མེད་”ཅེས་བརྗོད་བྱུང་།སྐལ་བཟང་རྒྱ་མཚོ་དང་ཁོང་གི་ནང་མི་རྣམས་ཀྱིས་སྒོ་ཕྱུགས་ལས་དེད་ནས་རྭ་བ་ནང་བཅུག་དུས་ང་ཚོ་དང་ཁོང་ཚོ་ཐུག་བྱུང་ལ། ཁྱིམ་མཚེས་རྫི་བོ་ཚོ་ནང་བཞིན་ཁོ་ཚོ་ཡང་ལོ་རྟག་པར་དུས་ལྟར་སྒོ་ཕྱུགས་སེམས་ཅན་རྣམས་དེད་ནས་ཟླ་ངོ་མང་པོའི་རིང་ལ་ཟོག་ལུག་མ་བརྒྱབས་སའི་རྩྭ་སར་མགྱོགས་པོར་འགྲོ་དགོས་ཀྱི་ཡོད། “ང་ཚོ་དབྱར་ཁར་དབྱར་མཚེར་ནང་མ་སོང་ནས་དགུན་མཚེར་ནང་བསྡད་ན་ཕྱུགས་ལ་རྩྭ་རག་གི་མ་རེད། རྩྭ་གསར་པ་རག་ན་གཡག་ཤ་ཤེད་རྒྱས་པ་དང་། འབྲི་འོ་ཞོ་འཕེལ་རྒྱུ་རེད་”ཅེས་བཤད་བྱུང་ལ། ཡང་ཁོང་གིས་“དབྱར་ཁའི་སྤང་ལྗོངས་ཐོག་སྨན་བཅུད་ལྡན་པའི་མེ་ཏོག་མང་པོ་ཡོད་པ་དེ་དག་གིས་སྒོ་ཕྱུགས་སེམས་ཅན་རྣམས་བདེ་ཐང་ཡོང་བར་ཕན་གྱི་ཡོད་པས་ངེས་པར་དུ་དེ་ཟ་འཇུག་དགོས་རེད་”ཅེས་ང་ཚོར་བཤད་བྱུང་།
ང་ཚོའི་འགྲམ་ལ་ལངས་ནས་དྲི་བ་དྲིས་ལན་ལ་ཉན་མཁན་གྱི་སྲིད་གཞུང་གི་ལས་བྱེད་དེ་གློ་བུར་དུ་ང་ཚོའི་ས་ནས་འགྲོ་ཚར་འདུག་ལ། གཅིག་བྱས་ན་དེའི་རྒྱུ་མཚན་ནི་ང་ཚོས་དྲི་བ་དྲིས་ལན་གང་བྱས་པ་དག་སྔར་ཉེན་རྟོག་པར་བཤད་པའི་བརྗོད་གཞི་དེ་ག་རང་གི་ཐོག་ལས་གཞན་བྱེད་ཀྱི་མེད་པས་ཡིན་སྲིད་ལ། ཡང་ན། ང་ཚོས་གང་བཤད་པ་དེ་གཞན་སུ་ལ་ཡང་གནོད་ཀྱི་མེད་པ་ཁོས་ཧ་གོ་ནས་ཡིན་ས་རེད།
གནས་སྤོ་བྱེད་ཐབས་བདེ་བའི་ཕྱིར་དུ་དབུགས་འབྱིན་རྔུབ་གོ་ཐུབ་སའི་རྒྱང་ཐག་ལས་མེད་པའི་སྐལ་བཟང་རྒྱ་མཚོའི་གྲོང་རྒྱབ་ཏུ་ཉེ་ཆར་རང་ལ་མོ་ཊ་ལམ་ཞིག་བཟོས་འདུག གླ་འཁོར་དང་། དོལ་འཁོར་རྣམས་སྒོ་ཕྱུགས་མང་པོའི་དཀྱིལ་ནས་གཏོང་དགོས་འཁེལ་གྱི་ཡོད་ལ། ཁ་ལོ་བ་ཕལ་མོ་ཆེས་མོ་ཊ་བཀག་ནས་དང་པོ་སྒོ་ཕྱུགས་རྣམས་ཕར་འགྲོ་འཇུག་གི་ཡོད། བོད་པ་རྣམས་ཀྱིས་རྟ་ཞོན་ནས་ཀི་རྒྱག་པ་དང་། སྐད་ཅོར་བརྒྱབ་སྟེ་སྒོ་ཕྱུགས་རྣམས་འདེད་ཀྱི་ཡོད། གཡག་ཁ་ཤས་ལ་ཉལ་ཆས་དང་གདན་སོགས་བཀལ་གྱི་ཡོད་ལ། སྦྲ་གུར་ཕུབ་སའི་ཡོ་ཆས་རྣམས་ཀྱང་གཡག་ལ་བཀལ་ནས་རུ་བ་སྐྱ་ཡི་ཡོད།
ལོ་ན་གཞོན་པའི་བོད་མི་ཞིག་གིས་རྟ་ཐོག་ནས་ང་ཚོར། སྤྱིར་བཏང་བྱས་ན་སྲིད་གཞུང་གིས་ཁྲིམས་ཐོག་ནས་རུ་བ་ག་དུས་སྐྱ་དགོས་མིན་ཐག་བཅད་ཚར་ན་ཡང་། ཟོག་ལུག་ལ་རྩྭ་ཁ་ཡག་པོ་ཞིག་སྤྲད་ཐུབ་ཕྱིར་ཁོང་ཚོ་ངེས་པར་དུ་ད་ལྟ་རུ་བ་སྐྱ་དགོས་ཚུལ་ལབ་གླེང་བྱས་བྱུང་། ངས་མི་དེས་ཁོ་རང་གི་ཤ་རུས་ཁྲག་གསེང་ན་འཐིམས་པའི་བོད་ཀྱི་གནའ་བོའི་རིག་གནས་དང་འབྲེལ་བའི་ལན་ཞིག་བརྒྱབས་ན་བསམ་ནས། ཉུང་མཐའ་ཡང་ཟླ་ངོ་མང་པོའི་རིང་ལ་མ་སོང་སའི་རྩྭ་སར་ཡང་བསྐྱར་འགྲོ་དུས་ཚོར་བ་ག་འདྲ་ཡོད་མེད་དྲིས་པར། ཁོས་“ཏོག་ཙམ་དཀའ་ལས་ཁག་གི་འདུག” ཅེས་ལན་འདེབས་བྱས་བྱུང་། དེ་ནས་ང་ཚོ་མུ་མཐུད་ནས་འབྲོག་སྡེ་གཅིག་གི་རྗེས་ནས་གཅིག་ལ་སོང་ནས། ནུབ་ཕྱོགས་སུ་ག་ཚོད་སླེབ་སླེབ་ཅིག་འགྲོ་དུས་རྩྭ་ཐང་གི་གླིང་ཀ་ཞིག་ཏུ་འབྱོར་སོང་། གླིང་ཀ་དེ་ནི་གནས་སྤོ་བྱེད་ས་གཙོ་བོ་དེའི་ལམ་འགག་ལ་ཏག་ཏག་བརྒྱབས་ཡོད་ལ། སྔོན་མ་ནས་དབུ་འབྱེད་ཀྱང་བྱས་ཟིན་འདུག གླིང་ཀ་དེ་དེར་རྒྱག་དོན་ནི་དེར་ཡོང་མཁན་གྱི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཚོ་མང་པོ་ཡོད་པ་དག་གི་སེམས་གཡེང་ས་དང་། སྤྲོ་སྣང་འགུག་པའི་ཕྱིར་དུ་རེད་འདུག
མོ་ཊ་བཀག་བཞག་པ་རྣམས་ཀྱི་གསེང་ནས་འབྲོག་པ་ཚོས་འབྲི་གཡག་བརྒྱ་ཕྲག་མང་པོ་ཇི་ལྟར་དེད་ཀྱི་ཡོད་མེད་དང་། རྒྱལ་སྒོ་འོག་ལ་བཙུགས་པའི་དུས་གཅིག་ལ་མི་གཅིག་ལས་མི་ཐར་བའི་ལྕགས་ཀྱི་སྒོ་ཆུང་དག་གི་ནང་། འབྲི་གཡག་རྣམས་ག་འདྲ་འཚང་གི་ཡོད་མེད་བཅས་ལ་དུས་ཡུན་གང་འཚམས་ཤིག་གི་རིང་ལ་ང་ཚོས་བལྟས་ནས་བསྡད་པ་ཡིན། འབྲི་གཡག་རྣམས་དེ་ནས་སོང་ཟིན་མ་ཐག་ཏུ། ཡ་མཚན་ཅན་གྱི་བོད་ཀྱི་འབྲོག་པའི་འཚོ་བར་རྒྱུས་ལོན་བྱེད་དུ་ཡོང་བའི་རྒྱ་ནག་ཧན་མི་རིགས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱིས་ས་ཆ་དེ་ཡོངས་སུ་ཁེངས་ཀྱི་འདུག རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་རིགས་ཚོས། བོད་ཀྱི་ཆོས་དང་། རིག་གནས། སྐད་ཡིག་བཅས་ལ་པེ་ཅིང་གཞུང་གིས་བཀག་སྡོམ་བྱེད་ཀྱི་འདུག་ཟེར་ནས། འདས་པའི་དུས་སུ་ངོ་རྒོལ་རྒྱུན་མ་ཆད་པར་བྱས་ཡོད། ང་ཚོས་བོད་ཀྱི་འབྲོག་སྡེའི་པར་རྣམས་ལ་ལྟ་བཞིན། དེའི་སྐོར་ལ་སྐད་ཆ་བཤད་དེ། སྤྱི་སྤྱོད་རླངས་འཁོར་ཞིག་ནང་ཡོང་བ་ཡིན།
བུ་མོ་ཞིག་གིས་“ང་རྩྭ་ཐང་སྟེང་འབྱོར་དུས་ཤ་རྒྱག་ཚད་གཅིག་ཟ་རྒྱུ་དང་། ཆང་རག་རྒྱག་ཚད་གཅིག་འཐུང་རྒྱུའི་ཚོར་བ་ཡོང་གི་འདུག” ཅེས་བཤད་བྱུང་ལ། ཡང་སྐྱེས་དམན་གཞན་ཞིག་གིས་“འཛམ་གླིང་གཞན་ཞིག་ལ་སླེབ་པ་ལྟ་བུའི་ཚོར་བ་ཡོང་གི་འདུག བོད་ཀྱི་རིག་གནས་དེ་གལ་ཆེན་པོ་ཡིན་པ་ཚོར་གྱི་འདུག གང་ཡིན་ཟེར་ན། བོད་པ་རྣམས་སེམས་གཙང་བ་ཡོད་པ་དང་། འཚོ་བ་སྟབས་བདེ་བ་ལ་རོལ་གྱི་འདུག་”ཅེས་བཤད་པ་དང་མོའི་གྲོགས་མོས་འཐད་པའི་བརྡ་རུ་མགོ་བོ་གུག་ཙམ་གུག་ཙམ་བྱས་སོང་།
དངོས་གནས་རྩྭ་ཐང་གི་གླིང་ཀ་བཟོས་སའི་ས་ཆར་ཡོད་པའི་བོད་མི་རྣམས་ལ། ཁོང་ཚོའི་ལྷད་མེད་ཀྱི་བརྩེ་བ་ཤོར་ཡོད་པ་འདྲ། ཁོ་ཚོས་བཤད་རྒྱུར་མ་འོངས་པར་མུ་མཐུད་ནས་དེར་ཡོད་ཀྱི་བོད་མི་རྣམས་དང་འབྲེལ་བ་བྱེད་ཀྱི་ཡིན་ཟེར། གང་ལྟར། འབྲོག་སྡེའི་ས་གནས་རྣམས་ཡུལ་སྐོར་སྤྲོ་འཆམ་ས་ཚུགས་ཡག་པོ་ཤིག་རུང་མིན་གཞིར་བཞག་ཐོག་ནས་དབྱེ་བ་ཕྱེས་ཟིན་ཡོད། ས་གནས་དེར་ཚོང་མགྲོན་རྣམས་ཀྱི་ཕྱིར་དུ་ཤིང་ཁང་ཆུང་ཆུང་རེ་བརྒྱབ་ནས་ཚོང་གི་ཁེ་ཕན་ཉུང་ངུ་རེ་ཐོབ་མཁན་བོད་པ་རྣམས་ཀྱིས་ཀྱང་། ལྕགས་སྒོ་ཆུང་ཆུང་མི་གཅིག་ལས་མི་ཐར་བ་དེ་འདྲ་ད་ལྟ་ས་ཚུགས་གཅིག་ལས་མེད་ན་ཡང་། མ་འོངས་པར་དེ་འདྲ་བ་མང་པོ་ཚད་ལས་བརྒལ་བར་འགྱུར་དོགས་ཀྱིས་སེམས་ཁྲལ་བྱེད་བཞིན་འདུག
ཚེ་བདག་སྐྱབས་ཉིན་ཧྲིལ་པོ་གཉིས་ཀྱི་རིང་ལ་ཁོ་རང་གི་ཟོག་དང་ལྷན་དུ་རུ་བ་སྤོ་ནས་འགྲོ་བཞིན་ཡོད་པ་རེད། ཁོས་“ཕྱོགས་གཅིག་ནས་མི་མང་གི་ཡོང་སྒོ་ཆེ་རུ་སོང་ཡོད་རེད་ལ། སྐྱེལ་འདྲེན་སྟབས་བདེ་རུ་སོང་ཡོད་རེད་”ཅེས་བཤད་སོང་ལ། ཡང་ཁོས་“ཡར་རྒྱས་ཕྱིན་པའི་དབང་གིས་ཁོར་ཡུག་ལ་གཏོར་བཤིག་ཆེན་པོ་ཐེབས་ཡོད་རེད།”ཅེས་བརྗོད་བྱུང་། ཚེ་བདག་སྐྱབས་དང་། ཁོང་གི་ནང་མིས་འབྲི་གཡག་༤༠༠ དེད་ནས་ཕྱིས་སུ་རྒྱ་གཞུང་གིས་འཛུགས་སྐྲུན་བྱས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་གླིང་ཀ་དང་། དེང་རབས་ཅན་དུ་བསྒྱུར་བའི་འབྲོག་ས་བརྒྱུད་ནས་ཕྱིན་སོང་ལ། མཐར་ཁོང་ཚོ་འབག་བཙོག་གིས་མ་གོས་ཤིང་། གཞི་རྒྱ་ཆེ་བའི་ས་མཐོའི་རྩྭ་ས་ཞིག་ཏུ་འབྱོར་འདུག དེར་ཚོང་ཁང་དང་། ལམ་ཁ། ཡུལ་སྐོར་སྤྲོ་འཆམ་པ་བཅས་གཏན་ནས་མེད་ཀྱང་། ཁོང་ཚོ་དེར་མེས་པོ་གོང་མ་ཚོའི་འཚོ་བར་སྔར་བཞིན་རོལ་ཐུབ་ཀྱི་ཡོད་འདུག
ཁོས་“རུ་བ་འདིར་སྐྱ་བ་དང་། ཚོར་བ་སྐྱིད་པོ་དཔེ་འདུག་ལ། འདིར་འབྱོར་བ་ནི་ཧ་ཅང་གིས་ཡག་པོ་འདུག་”ཅེས་ང་ཚོར་བཤད་བྱུང་ལ། ཡང་ཁོས་“ གྲོང་ཁྱེར་གྱི་མི་འདིར་འབྱོར་དུས་ཁོ་རང་ཚོས་ས་ཆ་འདིར་དཔེ་དགའ་པོ་བྱེད་ཀྱི་འདུག གང་ཡིན་ཟེར་ན། ཁོང་ཚོར་རླུང་གཙང་མ་རག་པ་དང་། མེ་ཏོག་གི་དྲི་ཞིམ་འཐུལ་གྱི་ཡོད་པས་རེད། འབྲོག་ས་འདི་ལྷ་ཡུལ་དང་འདྲ་བ་རེད་”ཅེས་བརྗོད་བྱུང་། ཁོང་ཚོ་ས་ཆ་དེར་ཕྱི་ཟླ་དགུ་པའི་བར་སྡོད་ཀྱི་ཡོད་ལ། གཡག་ལ་ཟ་རྒྱུ་རག་དགོས་པའི་རྩྭ་ཐང་གི་མེ་ཏོག་རྣམས་འཕྲོ་བརླག་འགྲོ་བར་དོགས་ནས་ཁོ་ཚོ་ཡར་མར་རྐང་རྗེན་མར་རྒྱུག་གི་ཡོད། ཁོང་ཚོས་འབྲི་ལས་འོ་མ་བཞོས་ནས་མར་དང་ཕྱུ་ར་བཟོ་བཞིན་ཡོད་ལ། གནམ་གཤིས་གྲང་མོར་གྱུར་པའི་དུས་ཚོད་ཤར་བ་དང་། ཁོ་ཚོ་སླར་ཡང་སྔར་ཡོང་སའི་རི་གཤམ་དུ་མར་བབ་ནས། ལོ་རྗེས་མའི་དབྱར་མགོར་ཡང་བསྐྱར་རུ་བ་ཡོང་གི་ཡོད།
སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་ནང་ཡུལ་སྐོར་དང་འབྲེལ་བའི་བྱེད་སྒོ་ཤུགས་ཆེན་པོ་ཞིག་ཡོང་དུས། གནས་ཚུལ་བཟང་ངན་གཉིས་ཀ་རྟག་ཏུ་འབྱུང་གི་ཡོད་ཀྱང་། ང་ཚོས་དེ་གཉིས་ལས་དང་པོ་དེ་ཤུགས་ཆེ་བ་ཡིན་པའི་རེ་བ་རྒྱག་རྒྱུ་ལས་གཞན་བྱ་ཐབས་བྲལ། འོན་ཀྱང་། ང་ཚོའི་མཐོང་སྣང་ལ་བོད་ཀྱི་འབྲོག་པའི་ཐུན་མིན་གྱི་ཡོན་ཏན་དང་། ཁྱད་ཆོས་སོགས་ཡོད་ཚད་འཇིག་བཞིན་པའི་རྣམ་པ་འདྲ་ཞིག་མངོན་ཡང་། གཞི་རིམ་བོད་རིགས་ཀྱི་འཚོ་བར་ཁ་ཐག་ཉེ་ས་ནས་བལྟས་ན། དེང་རབས་འཛམ་གླིང་གི་རྣམ་པ་གསར་པ་ཇི་ཙམ་ཞིག་དར་འཕེལ་ཕྱིན་མིན་ལ་མ་ལྟོས་པར། ཁོ་རང་ཚོའི་ཐུན་མིན་གྱི་རིག་གཞུང་དེ་མུ་མཐུད་ནས་གནས་པའི་རྣམ་པ་ཞིག་མཐོང་རྒྱུ་་ཡོད་ལ། ཉམས་པ་སླར་གསོ་བྱེད་བཞིན་པའི་གནས་ཚུལ་ཡང་མཆིས། དེས་ན། མ་མཐའ་ཡང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རྣམས་འབྲོག་སྡེ་འདི་དག་ནང་གནས་ངེས་ལ། ཉུང་མཐའ་ཡང་དུས་ངེས་ཅན་ཞིག་ལ་གནས་ངེས་རེད་འདུག