བོད་ཀྱི་ཡར་ཀླུང་གཙང་པོ་དང་རྒྱ་དཀར་ནག་བར་གྱི་རྩོད་རྙོག་གསར་པ། 

 

རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་འབྱུང་བཞིན་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་གི་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་ཧ་ཅང་ཆེན་པོ་ཞིག་གསར་རྒྱག་བྱེད་འཆར་ཡོད་པའི་རྐྱེན་གྱིས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་གསར་པ་ཞིག་འགོ་འཛུགས་བྱེད་རྒྱུ་ཡིན་འདུག 

ཕྱི་ཚེས་༢ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ཟླ་བ་༡༢ ཚེས་༢༥ ཉིན་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡར་ཀླུང་གཙང་པོའི་ཐོག་ཏུ་ཆུ་མཛོད་ཆེན་པོ་ཞིག་གསར་རྒྱག་བྱེད་འཆར་ཡོད་པ་གཞུང་འབྲེལ་གྱི་ངོས་ནས་བརྗོད་ཡོད་འདུག་ཅིང་། ཐོག་མར་ལས་གཞི་དེའི་འཆར་གཞི་ཕྱི་ལོ་༢༠༢༠ ཟླ་བ་༡༡ ནང་ཁྱབ་བསྒྲགས་བྱས་ཡོད་འདུག་ལ། ལས་འཆར་དེའི་འགྲོ་གྲོན་ཁྱོན་ཨ་སྒོར་ཐེར་འབུམ་༡༣༧ གཏོང་འཆར་ཡོད་འདུག ལས་འཆར་དེ་ནི་རྒྱ་ནག་གི་ལོ་ལྔ་ཚན་༡༤ པ་ཕྱི་ལོ་༢༠༢༡ ནས་༢༠༢༥ བར་གྱི་ལས་གཞི་ཡིན་འདུག གསར་རྒྱག་བྱེད་འཆར་ཡོད་པའི་ཆུ་མཛོད་དེ་རྒྱ་ནག་གི་ཆུ་མཛོད་ཆེ་ཤོས་གསུམ་(Three Gorges Dam)ལས་ལྡབ་གསུམ་གྱིས་ཆེ་བ་ཡོད་པ་ཞིག་ཡིན་འདུག་ཀྱང་། ཆུ་མཛོད་དེ་བོད་ནང་གི་ས་ཆ་གང་དུ་གསར་རྒྱག་བྱེད་འཆར་ཡོད་མེད་ད་དུང་ཁ་གསལ་ཡོད་མི་འདུག དཔྱད་བརྗོད་པ་ཚོས་ཚོད་དཔག་བྱེད་དོན་ལ། ཆུ་མཛོད་དེ་ཡར་ཀླུང་གཙང་པོའི་ཀྱོག་མཚམས་(The great Bend)དུ་གསར་རྒྱག་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་འདུག་ཅིང་། ཡར་ཀླུང་གཙང་པོའི་ཆུ་བོའི་གཤམ་གྱི་ས་ཆ་དང་འཛུགས་སྐྲུན་སོགས་ལ་ཉེན་ཁ་ཆེན་པོ་ཡོད་འདུག

རྒྱ་གར་གཞུང་བློ་འཚབ་སྐྱེས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་རྒྱ་དཀར་ནག་གཉིས་བར་གནས་དོན་དེའི་ཐད་གྲོས་མོལ་བྱེད་རྒྱུ་ཡིན་ཚུལ་དང་། ཕྱོགས་གཉིས་ཀའི་མཉམ་ལས་ཐོག་ནས་རྩོད་རྙོག་སེལ་ཐབས་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག ཡར་ཀླུང་གཙང་པོ་ནི་འཛམ་གླིང་ནང་གི་ཆུ་བོ་ཆེ་ཤོས་གཅིག་དང་། རྒྱ་གར་དང་། བྷང་ལ་དྷེ་ཤེ། འབྲུག་ཡུལ་སོགས་ཀྱི་མི་མང་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་འདུག འོན་ཀྱང་། རྒྱ་དཀར་ནག་གཉིས་བར་ཆུ་བོ་བགོ་འགྲེམས་ཐད་ད་བར་གྲོས་མཐུན་འཇོག་མྱོང་མེད་པའི་རྐྱེན་གྱིས། ད་ཆར་རྒྱ་ནག་གིས་བོད་ཀྱི་ཆུ་བོའི་ཐོག་ཆུ་མཛོད་གསར་རྒྱག་བྱེད་དུས་རྒྱ་གར་གྱི་མི་མང་ཚོའི་བདེ་འཇགས་དང་། འཐུང་ཆུ། ཞིང་ལས་སོགས་ཀྱི་ཐད་ཀྱི་དཀའ་ངལ་དང་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་འདུག དེ་བཞིན་རྒྱ་དཀར་ནག་གཉིས་ཀྱིས་ཕྱོགས་སོ་སོ་ནས་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་སྤེལ་ཡོད་པའི་རྐྱེན་གྱིས། ཕྱོགས་གཉིས་བར་རྩོད་རྙོག་ཞིག་རང་བཞིན་གྱིས་ཡོང་གི་ཡོད་འདུག་ལ། རྒྱ་ནག་གིས་མངོན་གསལ་མེད་པའི་ཐོག་ནས་ཆུ་མཛོད་གསར་རྒྱག་སོགས་ཀྱི་ལས་གཞི་སྤེལ་བའི་རྐྱེན་གྱིས་རྒྱ་གར་གཞུང་གིས་དོགས་གཞི་ཆེན་པོ་བྱེད་བཞིན་ཡོད་འདུག 

རྒྱ་ནག་གི་ཆུ་མཛོད་ལས་གཞི་སོགས་ལ་གདོང་ལེན་དང་རྒྱ་གར་གྱི་བདེ་འཇགས་ཐད་སྲུང་སྐྱོབ་བྱེད་ཆེད་དུ་རྒྱ་གར་གཞུང་གིས་ཨ་སྒོར་ཐེར་འབུམ་༡༥་༣ བཏང་ནས་ཧིན་བོད་ས་མཚམས་སུ་ཆུ་མཛོད་སོགས་ཀྱི་ལས་གཞི་མང་པོ་ཞིག་ཕྱི་ལོ་༢༠༢༠ ནང་འགོ་འཛུགས་བྱས་ཡོད་འདུག ད་ཆར་རྒྱ་དཀར་ནག་གཉིས་བར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་བདག་དབང་ཐད་རྩོད་རྙོག་གཅིག་ཡོད་པ་དང་། དེ་བཞིན་ཆུ་མཛོད་གསར་རྒྱག་གིས་རྐྱེན་པས་ཕྱོགས་སོ་སོ་ནས་འཛུགས་སྐྲུན་གྱི་ལས་གཞི་ཇེ་མང་དུ་གཏོང་བཞིན་ཡོད་པས་རྩོད་རྙོག་གཅིག་རང་བཞིན་གྱིས་ཡོང་གི་ཡོད་འདུག བོད་ཀྱི་ཆུ་བོའི་བདག་དབང་དེ་ད་ལྟ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གིས་ཕྱི་ལོ་༡༩༩༧ ལོའི་རྒྱལ་སྤྱིའི་ཆུ་བོའི་བགོ་འགྲེམས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་མེད་པར་བརྟེན། རྒྱ་དཀར་ནག་གཉིས་ཕྱོགས་སོ་སོའི་ཆུ་བོ་བགོ་འགྲེམས་ཐད་རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་གྲོས་བསྡུར་བྱེད་འདོད་ཡོད་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་གྱི་ས་ཐོག་ཏུ་རྒྱུག་བཞིན་པའི་བོད་ཀྱི་ཆུ་བོ་རྣམས་ལ་རྒྱ་ནག་གིས་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། ཆུ་བོ་དེ་དག་གི་མང་ཉུང་དང་ཆུ་མཛོད་གྲངས་ཐོ་རྣམས་རྒྱ་གར་ལ་སྤྲོད་ཀྱི་མེད་པའི་དབང་གིས། རྒྱ་གར་ལ་རང་བཞིན་གྱིས་ཉེན་ཁ་ཞིག་དང་རྒྱ་ནག་གལ་ཡིད་ཆེས་ཡོང་རྒྱུར་ཁག་པོ་ཆགས་ཀྱི་ཡོད་འདུག 

རྒྱ་གར་ནི་བོད་ཀྱི་ཆུ་བོ་དེ་དག་གི་གཤམ་དུ་ཡོད་དུས་བོད་ཀྱི་ཆུ་བོ་དེ་དག་གི་མང་ཉུང་དང་ཆུ་མཛོད་ཀྱི་གྲངས་ཐོ་སོགས་རྒྱ་ནག་གིས་རྒྱ་གར་ལ་སྤྲད་མེད་པའི་རྐྱེན་གྱིས། རྒྱ་གར་གྱི་ཚན་རིག་པ་ཚོས་ཆུ་བོ་དེ་དག་ལ་སྟངས་འཛིན་བྱེད་ཐབས་ཁག་པོ་ཆགས་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།