བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༤༧ གྱི་ཆེད་བརྗོད།

བོད་ནང་ནས་ཕྱི་ཟླ་༤ ཚེས་༣༠ ནི་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོར་གཏན་འཁེལ་གྱིས་ལོ་ལྟར་བོད་ས་སྟོད་སྨད་བར་གསུམ་དུ་ཉིན་མོ་དེ་སྲུང་བརྩི་དང། ཉིན་འདིར་ཡིག་གཟུགས་དང་འབྲེལ་བའི་བྱེད་སྒོ་གང་མང་ཞིག་སྤེལ་བཞིན་འདུག སྤྱི་ཚོགས་དྲ་ལམ་བརྒྱུད་བཙན་བྱོལ་ནང་གནས་ཚུལ་དེ་ཁྱབ་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་ཡིག་གཟུགས་ཉིན་མོར་དོ་སྣང་བྱེད་མཁན་མང་དུ་སོང་འདུག ཕྱི་ཟླ་༤ པའི་ཚེས་༣༠ བོད་ཀྱི་ཡིག་གཟུགས་ཉིན་མོར་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི། ཕྱི་ཟླ་བཞི་པས་བོད་ཀྱི་ཡི་གེའི་དབྱངས་བཞི་མཚོན་པ་དང་། ཕྱི་ཚེས་སུམ་ཅུས་གསལ་བྱེད་སུམ་ཅུ་མཚོན་པར་བྱས་ནས་གཏན་འབེབས་བྱས་པ་ཞིག་ཡིན་འདུག ཉིན་འདིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མཁས་པ་དང་སྦྱོང་བརྡར་བྱེད་མཁན་སོགས་ཀྱིས་རང་ཉིད་ཀྱི་ཡིག་གཟུགས་ཁྱབ་སྤེལ་བྱེད་པ་དང་། ཡིག་གཟུགས་འགྲན་སྡུར་བྱས་ནས་བྱ་དགའ་གཟེངས་རྟགས་སྤྲོད་པ་སོགས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་འདུག 

ཚན་རིག་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཡིག་གཟུགས་ཀྱི་བྱེད་སྒོ་སྔོན་དང་བསྡུར་ན་བེད་སྤྱོད་ཉུང་དུ་སོང་བ་ལྟ་བུའི་རྣམ་པ་ཡོད་ནའང་། ཧོབ་སྟེ་བལྟས་ན་ཡིག་གཟུགས་ནི་མི་སྒེར་ངོས་ནས་སྐད་ཡིག་དེའི་ཤེས་ཚད་མཚོན་བྱེད་ལྟ་བུར་གྱུར་ཡོད། བོད་ཀྱི་ཡིག་གཟུགས་ཀྱི་གལ་གནད་སྐོར་བོད་ཀྱི་མཁས་པ་མང་པོས་གསུངས་ཡོད་ཀྱང་། ཉེ་རབས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་གིས། “ཡི་གེ་དག་སྙོམ་མཛེས་གསུམ་ལས།། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམ་རྐང་ལག་འཁྱོལ་བ་འདྲ།། མི་མཛེས་གོས་ངན་གྱོན་པ་འདྲ།། དེ་ཕྱིར་སྔ་མ་སྔ་མ་གཙོ།། གསུམ་ག་འཛོམས་ན་བཞིན་མཛེས་པའི།། དཔའ་བོ་ཟ་འོག་གོས་ཀྱིས་ཀླུབ།། ལུས་དང་ཡན་ལག་ལྟ་ན་སྡུག།། ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ།།”ཞེས་གསུངས་པ་བཞིན། ཡི་གེ་འབྲི་བར་དག་ཆ་གཙོ་བོ་ཡིན་པ་དང་། ཡིག་གཟུགས་ཆེ་ཆུང་དང་རིང་ཐུང་ཡ་ཡོ་འཁྱ་འཁྱོག་མེད་པར་ཆ་སྙོམ་པོ་དགོས་པ། དག་ཆ་ཡག་པོ་དང་སྙོམ་པོ་ཡོད་ཀྱང་ཡིག་གཟུགས་ཡག་པོ་དགོས་པ་ནི་ཧ་ཅང་གལ་ཆེ་བའི་དོན་ཡིན།

ཡིག་གཟུགས་ཡག་པོ་མེད་མཁན་ཞིག་གིས་རྩོམ་ཡིག་ཅིག་ལག་བྲིས་བྱས་ཡོད་ན། ལྟ་མཁན་དེས་རྩོམ་ཡིག་མ་བཀླགས་གོང་ནས་ཡིག་གཟུགས་ལ་བལྟས་ནས་རྩོམ་ཡིག་ཆ་ཚང་ཀློག་རྒྱུར་རང་བཞིན་གྱིས་དོ་སྣང་ཆུང་དུ་འགྲོ། དཔེར་ན་ཤེས་ཡོན་དང་འཇོན་ཐང་ཡོད་པའི་མི་ཞིག་གིས་གྱོན་ཆས་རྙིང་ཧྲུལ་ཞིག་གྱོན་ཡོད་ན། རྒྱུས་མེད་སུས་བལྟས་ཀྱང་མི་དེ་དབུལ་པོ་ཤེས་འཇོན་མེད་མཁན་ཞིག་ཏུ་བརྩི་བ་ལས་རང་བཞིན་གྱིས་གདེང་འཇོག་ཆེན་པོ་བྱེད་མི་སྲིད་པ་ལྟ་བུ་རེད། ད་ལྟ་རྩིས་འཕྲུལ་དར་ཁྱབ་ཆེན་པོ་བྱུང་ཡོད་ནའང་ཡིག་རྒྱུགས་སོགས་ཀྱི་སྐབས་སུ་ཡིག་གཟུགས་ཡག་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། ཡིག་གཟུགས་ཡག་པོ་འབྲི་རྒྱུ་དེ་སྒྱུ་རྩལ་དང་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཀྱང་རེད། དེར་བརྟེན་བོད་ཀྱི་ཡིག་གཟུགས་ལ་དོ་སྣང་དང་སྦྱོང་བརྩོན་རྒྱུན་འཛིན་བཅས་བྱ་རྒྱུ་ནི། བོད་པ་རང་གི་འགན་འཁྲི་ཡིན་པ་ལས་མི་རིགས་གཞན་ཞིག་གིས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་གྱི་ཐོག་ལ་ནུས་པ་རྒྱ་ཆེན་པོ་ཞིག་འདོན་མི་སྲིད་པ་རེད།

བོད་ཀྱི་རིག་གནས་རྒྱུན་འཛིན་ཆེད་ཕྱོགས་གང་ཐད་ནས་ཤུགས་རྒྱག་དགོས་པ་ལས། ཟློས་གར། གཞས་སྣ་འཁྲབ་སྟོན་ཙམ་ལ་བརྟེན་ནས་བོད་ཀྱི་རིག་གནས་ཆ་ཚང་རྒྱུན་འཛིན་ཐུབ་པ་ཞིག་གཏན་ནས་མིན། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པར་དགོན་སྡེ་ཁག་གཙོ་བོར་གྱུར་ཡོད་པ་ལས། མི་སྐྱའི་སྤྱི་ཚོགས་སུ་བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་པའི་ནུས་པ་ཧ་ཅང་ཞན། དགོན་སྡེ་ཁག་ལ་མཚོན་ནའང་ནང་དོན་རིག་པ་དང་གཏན་ཚིགས་རིག་པ་གཙོ་བོར་བཟུང་ནས་སྦྱང་བརྩོན་བྱེད་པ་ལས། གསོ་བ་རིག་པ་དང། བཟོ་རིག་པ། སྒྲ་རིག་པ་བཅས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་འདོན་མཁན་དགོན་སྡེ་ཧ་ཅང་དཀོན་པོར་གྱུར་ཡོད། ད་ལྟའི་ཆར་དགོན་སྡེ་ཁག་ཏུ་བོད་པ་ཞུགས་མཁན་ཡང་ཧ་ཅང་དཀོན་པས་མ་འོངས་པར་རེ་བ་ཆེན་པོ་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། བོད་ནང་དུ་བོད་ཀྱི་རིག་གནས་ཚང་མ་རྒྱུད་འཛིན་བྱས་ཡོད་ཀྱང་དགྲ་བོ་རྒྱ་གཞུང་གི་སྲིད་བྱུས་ལ་བརྟེན་ནས་སྔ་འཕྱི་ཙམ་མ་གཏོགས་རྩ་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡོད།

མདོར་ན་བོད་མི་རིགས་གནས་དགོས་པ་དང་། བོད་རྒྱལ་ཁབ་སླར་གསོ་ཐུབ་དགོས་ན་བོད་ཀྱི་གལ་ཆེ་བའི་རིག་གནས་དག་རྒྱུན་འཛིན་དར་སྤེལ་ཐུབ་དགོས་པ་ལས། བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་དང་བཅས་པ་རྩ་མེད་དུ་གྱུར་ཟིན་རྗེས་བོད་མི་རིགས་ཀྱང་གནས་མི་ཐུབ་པ་ནི། མན་ཇུའི་མི་རིགས་ཀྱིས་རྒྱ་ནག་ཁྱོན་ཡོངས་སུ་དབང་བསྒྱུར་ཡུན་རིང་བྱེད་མྱོང་ཡང་། རང་མི་རིགས་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་མ་བྱས་པས་ད་ཆ་མན་ཇུའི་སྐད་ཡིག་ཤེས་མཁན་ཧ་ལམ་མེད་པ་མ་ཟད། མན་ཇུའི་མི་རིགས་ཀྱང་རྒྱ་མི་རིགས་ཀྱི་ངོ་བོར་རང་བཞིན་གྱིས་ཐིམ་ཟིན་པ་ལྟ་བུ་རེད། བོད་པས་ཀྱང་སྐད་ཡིག་གཙོ་བོར་གྱུར་པའི་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་མ་ཐུབ་ན་རྒྱ་རིགས་ས་ཡ་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ནང་དུ། བོད་རིགས་ས་ཡ་བདུན་ཙམ་ལས་མེད་པ་འདི་དག་ཆུ་ལ་ཆུ་བཞག་ལྟར་འཐིམ་རྒྱུ་ཉག་གཅིག་ལས་མེད་པས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱ་རྒྱུ་དེ་བོད་མི་ཚང་མའི་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།།