བོད་ཀྱི་རི་མོའི་སྒྱུ་རྩལ་བ་ཞིག་རྒྱ་ནག་གི་འགྲེམས་སྟོན་ཐོག་བཀག་འགོག
ཕྱི་ཟླ་༢ པའི་ཚེས་༢༦ ཉིན་རྒྱ་ནག་གི་རང་སྐྱོང་ས་ཁུལ་མེ་ཁའོ་(Macau) ཡི་ནང་དུ་གོ་སྒྲིག་བྱས་པའི་རི་མོའི་འགྲེམ་སྟོན་ཞིག་གི་ནང་བོད་མི་རི་མོ་བ་བཀྲ་ཤིས་ནོར་བུ་གོ་སྒྲིག་པའི་འཆར་གཞི་ལྟར། མཉམ་ཞུགས་བྱེད་དུ་བསྐྱོད་སྐབས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཕྱིར་སློག་བཏང་ཡོད་པ་རེད།
ཁོང་ལོ་སྔོན་མར་ཡང་འགྲེམས་སྟོན་དེའི་ནང་ཞུགས་ཏེ། ཁོང་གིས་བྲིས་པའི་རི་མོ་འགྲེམས་སྟོན་བྱས་ཡོད་པ་དང་། འདི་ལོར་ཡང་སྔོན་ནས་གོ་སྒྲིག་ལྟར་ཧོང་ཀོང་བརྒྱུད་བསྐྱོད་སྐབས། གོ་སྒྲིག་པར་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་ཡོད་ནས། ཁོང་ཕྱིར་སློག་བཏང་ཡོད་པ་རེད།
ཟླ་འདིའི་ཚེས་༢ ཉིན་དྷ་སར་རི་མོ་བ་བཀྲ་ཤིས་ནོར་བུ་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། སྔོན་མར་ཡང་ཁོང་འགྲེམས་སྟོན་དེའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། འདི་ལོར་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་སྟེ་འགྲེམས་སྟོན་དེ་གྲ་ཇེ་རྒྱས་དང་རྒྱ་ཆེ་རུ་བཏང་ཡོད་པས། རྒྱ་ནག་གཞུང་གི་དོ་སྣང་ཡང་ཆེ་རུ་ཕྱིན་ཡོད་འདུག ཁོང་གིས་དུས་རྒྱུན་རི་མོའི་ནང་སྟོན་པ་མེར་འབར་བ་དང་། གྲྭ་པ་མེར་འབར་བ། བླ་རུང་སྒར་གྱི་སྐོར་སོགས་བྲིས་མྱོང་ཡོད་པ་དང་། སྟོན་པ་མེར་འབར་བའི་རི་མོ་དེ་སྐད་གྲགས་ཆེན་པོ་ཆགས་ཡོད་པས། རྒྱ་ནག་གཞུང་གིས་ཁོང་གི་ལོ་རྒྱུས་ལ་བལྟས་ནས་བཀག་འགོག་བྱས་པ་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག་ལ། ད་ལྟ་ཁོང་འགྲེམས་སྟོན་དེའི་ཐོག་མིང་ཐོ་ནག་པོའི་ནང་བཏང་ཡོད་འདུག
བཀྲ་ཤིས་ནོར་བུས་འགྲེལ་བརྗོད་གནང་དོན། “ངས་རི་མོ་འབྲི་སྐབས་ང་ཚོ་མེར་འབར་བ་དེ་བྱེད་ཐབས་མེད་པ་འདྲ་ཆགས་བསྡད་ཡོད་པ་རེད་ལ། ངའི་སེམས་ནང་དུ་དེ་འདྲ་འཁོར་སྡོད་ཀྱི་འདུག འགྲེམས་སྟོན་མ་བྱས་ནས་ཟླ་ཤས་སྔོན་མེ་ཁའོ་ནང་སྟོན་པ་སྟོན་ཆོག་གི་མི་འདུག་ཅེས་གོ་སྒྲིག་འགན་ཁུར་བ་སཱོས་མོན་ལམ་(Simon Lam) གྱིས་ང་ལ་བརྡ་ལན་སླེབས་རེད། དེ་ནས་ང་ཚོ་གྲོས་བསྡུར་བྱས་ནས་བྱ་དེ་ཞིག་བྲིས་ཡིན་ལ། དེའི་ནང་དུ་མེར་འབར་བའི་ཤུགས་རྐྱེན་འདྲ་ཐེབས་ཡོད་པ་རེད། འགྲེམས་སྟོན་གྱི་ཉིན་ཤས་སྔོན་ཁོང་ཚོས་བྱ་དེ་དེར་རྒྱ་ནག་གི་ས་ཁྲའི་བཟོ་བལྟ་ཡོད་པས་དེ་ཡང་སྟོན་ཆོག་གི་མི་འདུག་ཟེར། རི་མོ་ཕར་བཏང་བའི་ནང་རི་མོ་མང་པོ་ཡོད་པ་རེད་ལ། གཙོ་བོ་གཅིག་དེ་གྲྭ་པ་མེར་འབར་བ་ཞིག་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་༤ པའི་ནང་ང་འགྲེམས་སྟོན་དེར་བསྐྱོད་སྐབས་ཀྱང་གནམ་ཐང་ནས་ཆུ་ཚོད་གཉིས་རིང་འདྲི་རྩད་བྱས་སོང་”ཞེས་འགྲེལ་བརྗོད་བྱས་སོང་།
ཁོང་ལ་རི་མོ་སྟོན་ས་མ་རག་ནས་དཀའ་ངལ་འཕྲད་སྐབས། མ་འོངས་པར་ཁྱེད་རང་གིས་བསམ་པ་ནང་པ་བཞིན་འབྲི་མི་ཐུབ་པར་གཞན་ལ་བསྟུན་དགོས་འབྱུང་གི་རེད་དམ་ཞེས་དྲིས་པར། “གནོན་ཤུགས་དེ་འདྲས་སོ་སོའི་རི་མོའི་རིག་རྩལ་འཕེལ་བ་དང་གཏིང་ཟབ་ཏུ་འགྲོ་རྒྱུར་ཕན་རེད་ལ། ག་ཚོད་ཁག་པོ་བྱུང་ན་དེ་ཚོད་ཀྱིས་ང་ཚོའི་རི་མོ་འཕེལ་ཡོང་གི་རེད། སོ་སོས་བྲིས་པ་དེ་སྟོན་ས་མ་རག་ནས་ཚོང་གི་ཆེད་དུ་བྲིས་པ་ཆགས་སོང་ན་ཕན་ཐོགས་མེད་རེད་།”ཅེས་གསུངས་སོང་།
ཁོང་ལ་དེ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཁ་ཤས་ནང་དཀའ་ངལ་སྤྲད་སྐོར་དང་། ཁོང་ཧོ་ལོན་ཌིར་བསྡད་ཡོད་པས། ས་གནས་དེར་རང་དབང་དང་གུ་ཡངས་པོ་ཞེ་དྲག་ཡོད་པས། སོ་སོས་བསམ་པ་དེ་འབྲི་ཐུབ་ཀྱི་ཡོད་སྐོར། དེ་བཞིན་རི་མོ་ཟེར་བ་དེ་ཡང་སྐད་ཡིག་ཅིག་ཡིན་པ་དང་། ཁ་ཤས་ཀྱིས་མྱུ་གིས་ཡི་གེ་འབྲི་བ་དང་། ངས་པིར་གྱིས་རི་མོ་འབྲི་ཡི་ཡོད་པ་རེད། གསུམ་བཅུའི་དུས་དྲན་ཉིན་ཡིན་ན་བོད་མི་ཚང་མས་སྐད་འབོད་ངོ་རྒོལ་དང་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་རེད། བོད་མི་ཚང་མར་ཚོར་བ་ཆེན་པོ་ཡོད་པས་ངས་ཉིན་དེར་རི་མོ་ཞིག་འབྲི་ཡི་ཡོད་སྐོར་གསུངས་སོང་།
བཀྲ་ཤིས་ནོར་བུ་ནི་འབྲུག་ཏུ་སྐྱེས་པ་སློབ་གྲྭ་མཐར་ཕྱིན་རྗེས་དྷ་སའི་བོད་ཀྱི་དཔེ་མཛོད་ཁང་གི་ལྷ་བྲིས་དགེ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་ཐང་ཀ་སྦྱངས་པ་དང་། རྗེས་སུ་ནུབ་ཕྱོགས་ཀྱི་རི་མོ་སྦྱངས་ནས་ད་ལྟ་རྒྱལ་ཁབ་མང་པོའི་ནང་རི་མོ་འགྲེམས་སྟོན་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།