བོད་ཀྱི་རིགས་རྒྱུད་འདྲེས་མའི་ཚོགས་ཆེན་སུད་སིར་འཚོགས།
ཟླ་འདིའི་ཚེས་༦ ཉིན་བོད་ཀྱི་བོད་ཀྱི་རིགས་རྒྱུད་འདྲེས་མའི་༼རིགས་རྒྱུད་འདྲེས་མ་ནི་ཕ་མ་གཉིས་ཀྱི་གཅིག་མི་རིགས་གཞན་པ་ཡིན་པར་གོ་དགོས༽ཚོགས་ཆེན་ཐེངས་གཉིས་པ་དེ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་འོག་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་འཚོགས་ཡོད་པ་རེད།
ཚོགས་འདུ་དེར་ཞུགས་མཁན་རྒྱལ་ཁབ་མི་འདྲ་བ་ཨ་རི་དང་། འཇར་མན། སུད་སི། ཨོ་སི་ཊྲི་རི་ཡ། ཎེ་སི་ལན་ཊྲི་དང་དབྱིན་ཡུལ་སོགས་ནས་མི་གྲངས་༡༥ ཡོང་ཡོད་པ་དང་། གཞན་སུད་སིར་གནས་སྡོད་རི་ཀོང་དགོན་གྱི་མཁན་རིན་པོ་ཆེ་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་སོགས་གཏམ་བཤད་སྤེལ་བར་གདན་འདྲེན་ཞུས་ཡོད་པ་རེད།
འདུ་འཛོམས་འདི་ནི་གལ་ཆེན་ཡིན་པ་དང་། གོ་སྐབས་འདི་བརྒྱུད་རང་ཉིད་ཀྱི་ཉམས་མྱོང་བརྗེ་རེས་དང་། བོད་རང་གི་རིག་གཞུང་དང་མི་རིགས་ཀྱི་ངོ་བོའི་སྐོར་ལ་བགྲོ་གླེང་བྱེད་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འདུ་འཛོམས་འདིར་གསུང་འཕྲིན་ཞིག་གནང་ཡོད་པའི་ནང་དུ་འཁོད་དོན། “ངའི་རེ་བར་ཁྱེད་ཅག་གིས་གོ་སྐབས་འདི་སྤྱད་ནས་རང་ཉིད་ཀྱི་ལོ་རྒྱུས་དང་མངོན་འདོད་གླེང་བ་དང་། ང་ཚོའི་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་བྱེད་པར་རོགས་འདེགས། དེ་བཞིན་བོད་ནང་གི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་བྱ་ཐུབ་པ་དགོས།”
རང་ལོ་༣༥ ལོན་པའི་ཨ་རིར་གནས་སྡོད་བཀྲ་ཤིས་དོན་འགྲུབ་ནི་སྐབས་འདིའི་འདུ་འཛོམས་ཀྱི་གོ་སྒྲིག་པ་ཡིན་པ་དང་། ཁོང་གིས་བརྗོད་དོན། “ངའི་རེ་བར་འདུ་འཛོམས་འདིར་ཞུགས་མཁན་རྣམས་ཀྱིས་ཐེངས་འདིའི་འདུ་འཛོམས་བརྒྱུད་ཅི་ཞིག་ལ་རིགས་རྒྱུད་འདྲེས་བའི་བོད་མི་ཟེར་བ་དང་། ང་ཚོས་མཉམ་དུ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཤུགས་གནོན་ཅི་ལྟར་བྱ་དགོས་པ་སོགས་གསལ་བོར་ཤེས་རྒྱུ་དེ་ཡིན།”
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ་གྱིས་ས་གནས་ནས།