བོད་ཀྱི་རྒྱལ་དར་རྐུ་འཕྲོག་བྱེད་མཁན་རྒྱ་མི་ཞིག་ལ་ཉེས་ཆད།
བོད་དོན་རྒྱབ་སྐྱོར་བ་ཞིག་གི་ལག་ནས། བོད་ཀྱི་རྒྱལ་དར་རྐུ་འཕྲོག་བྱེད་མཁན་རྒྱ་མི་ཏུང་ཅང་ཆེན་ (dong jiangqing) ལ་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་གི་ཁྲིམས་ཁང་ཞིག་ནས་ཅེག་གཞུང་ལ། ཅེག་སྒོར་༡༥,༠༠༠ ཆད་པ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་འདུག
དེ་ཡང་ཟླ་༦ པའི་ཚེས་༣༠ ཉིན་གྱི་པེ་རག་ཉིན་རེའི་གསར་ཤོག་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཕྱི་ཟླ་༣ པའི་ཚེས་༢༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་པེ་རག་གི་གནམ་ཐང་ནས། གྲོང་ཁྱེར་དུ་འགྲོ་བའི་ལམ་ཟུར་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་ཁྱེར་ནས་ངོ་རྒོལ་བྱེད་སྐབས། རྒྱ་མི་མང་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་མཐའ་བསྐོར་ནས་བོད་ཀྱི་རྒྱལ་དར་བཀག་ཐབས་བྱས་ཡོད་པ་དང། རྗེས་ལ་རྒྱ་མི་ཏུང་གིས་བོད་དོན་རྒྱབ་སྐྱོར་བ་དེའི་ལག་ནས་བོད་ཀྱི་རྒྱལ་དར་འཕྲོག་ནས་རལ་ཡོད་པ་དེ་ཁོས་རང་ཉིད་སར་སྦས་ཡོད་པ་དང། སྐབས་དེར་ཕྱོགས་ཁག་གཉིས་བར་ལག་འཛིང་ཤོར་ནས། ཉེན་རྟོག་པས་ཁོ་འཇུ་བཟུང་བྱས་ཡོད་པ་རེད།
ཁྲིམས་ཁང་ནས་ཟླ་༤ པའི་ཚེས་༢༠ ཉིན་ཁོ་ཅེག་རྒྱལ་ཁབ་ནས་ལོ་༥ ཡི་རིང་ཕྱིར་འབུད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོས་དེ་ལ་ངོས་ལེན་མ་བྱས་པར་བསྐྱར་དུ་ཞུ་གཏུགས་བྱས་ཡོད་པས། ཟླ་༦ པའི་ཚེས་༣༠ ཉིན་ཁྲིམས་ཁང་གིས་ཁོ་ལ་ཅེག་གཞུང་ལ་ཆད་པ་ཅེག་སྒོར་༡༥,༠༠༠ སྤྲོད་དགོས་པ་དང། དེ་མ་སྤྲད་ན་བཙོན་ཁང་དུ་ཟླ་༢ སྡོད་དགོས་པའི་བཅད་ཁྲ་བཏང་ཡོད་འདུག ད་ལྟའི་ཆར་ཁོས་ཞུ་གཏུགས་བསྐྱར་དུ་བྱེད་མིན་ཐག་གཅོད་བྱས་མི་འདུག་པས། བཅད་ཁྲ་དེ་ལག་ལེན་དངོས་སུ་བསྟར་རྒྱུ་རེད་འདུག
རྒྱ་མི་ཏུང་གིས་རྐུ་འཕྲོག་གི་ནག་ཉེས་བྱེད་པའི་བསམ་པ་མེད་པ་དང། རྒྱ་གཞུང་གི་སྐོར་བསྐྱོད་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་འདོད་བྱུང་བ། དེ་བཞིན་བོད་ཀྱི་རྒྱལ་དར་དེ་ནི་རྒྱ་ནག་ཁ་བྲལ་མཚོན་གྱི་ཡོད་པས། རྒྱ་ནག་ནང་དེ་བེད་སྤྱོད་བྱེད་ཆོག་གི་མེད་པ། རྒྱ་མི་དང་ཅེག་མི་མང་གཉིས་མཉམ་མཐུན་ཡོང་བའི་དུས་དེར། ཁ་བྲལ་མཚོན་པའི་རྒྱལ་དར་དེ་དགོས་ངེས་མེད་པར་མཐོང་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ཟླ་༣ པའི་ཚེས་༢༨ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ། ཉིན་གཉིས་རིང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཆེད་དུ་སྐོར་བསྐྱོད་ལ་འབྱོར་ཡོད་པ་རེད་དེ། སྐབས་དེར་ཁོང་འགྲོ་སའི་འགྲུལ་ལམ་གྱི་གཡས་གཡོན་དུ་ཡོད་པའི་གློག་སྡོང་སྟེང་ཅེག་རྒྱལ་ཁབ་དང་རྒྱ་ནག་གི་རྒྱལ་དར་འཕྱར་ཡོད་པར། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་ཡར་འཕྱར་པས། ཉེན་རྟོག་པས་ལས་འགུལ་བ་༡༢ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱལ་དར་གཉིས་པོ་འཕྱར་བྱེད་ཀྱི་འགྲོ་སོང་ཆ་ཚང་ཅེག་དང་རྒྱ་རིགས་མཉམ་མཐུན་ཞེས་པའི་ཚོགས་པས་བཏང་ཡོད་འདུག
ཉིན་ཤས་སྔོན་ནས་རྒྱ་ནག་གི་རྒྱལ་དར་ལ་ངོ་རྒོལ་མཚོན་ཆེད་སྣག་ཚ་སྔོན་པོ་བྱུགས་པའི་གནས་ཚུལ་བྱུང་འདུག་ཀྱང། ཞེ་ཅིན་ཕིང་མ་འབྱོར་སྔོན་ནས་རྒྱལ་དར་དེ་དག་གཙང་མ་བཟོས་ཡོད་པ་རེད། དེ་བཞིན་ཞེ་ཅིན་ཕིང་འབྱོར་རྗེས་གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱ་རིགས་དགའ་བསུ་བྱེད་མཁན་དང་། བོད་དོན་རྒྱབ་སྐྱོར་བ་ངོ་རྒོལ་བྱེད་མཁན་གྱི་བར་རྩོད་གླེང་བྱུང་བ་དང་། རྒྱ་རིགས་མང་པོས་བོད་ཀྱི་རྒྱལ་དར་རྒྱབ་ལ་བཏགས་མཁན་ཞིག་ལ་རྡུང་རྡེག་བཏང་བས། ཉེན་རྟོག་པས་བར་འདུམ་བྱས་ཡོད་པ་རེད། དེ་བཞིན་རྒྱ་རིགས་མང་པོ་ཞིག་དྲག་པོའི་ངང་བོད་དོན་རྒྱབ་སྐྱོར་བ་དང་ལག་འཛིང་བྱེད་པར་འགྲོ་བར་ཉེན་རྟོག་པས་བཀག་ཐབས་བྱས་ཡོད་པ་རེད། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ལམ་ཟུར་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཅེག་གི་སྲིད་འཛིན་འདས་པོ་ཧ་ཝེལ་གཉིས་མཉམ་དུ་ཡོད་པའི་པར་འཁྱེར་ནས་འགྲོ་བཞིན་ཡོད་པས། རྒྱ་རིགས་ཚོས་པར་དེ་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་གིས་འགེབས་ཐབས་བྱས་པས། ཕྱོགས་གཉིས་དབར་ཐོག་མར་ཁ་རྩོད་དང་རྗེས་སུ་ལག་འཛིང་གི་གནས་ཚུལ་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།