བོད་ཀྱི་རྒྱལ་མཚམས་མེད་པའི་མང་གཙོ།

ཟླ་འདིའི་ཚེས་༢༠ ཉིན་དྷ་ས་མེག་གྷན་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་ཨེཤེ་ཡ་མང་གཙོ་འབྲེལ་མཐུད་ཁང་དང་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གཉིས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུར་རྟོག་ཞིབ་བྱས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང།

12166960ཚོགས་པ་འདི་གཉིས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་ལ་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཚགས་ཚུད་ངང་སྒྲུབ་ཐུབ་པར། བསྔགས་བརྗོད་ཆེན་པོ་ཞུ་བཞིན་ཡོད་པ་དང། བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་སར་ཁ་འཐོར་ནས་བསྡད་ཡོད་ཀྱང། འོས་བསྡུ་ལྷན་ཁང་གིས་མི་མང་མཉམ་ཞུགས་ཡོང་ཆེད། ཡུལ་ལུང་ཆུང་ཆུང་ཚང་མར་འོས་བསྡུའི་ས་ཚིགས་བཙུགས་ཐུབ་པ་དེར་ཆེས་བསྔགས་འོས་པ་མ་ཟད། བོད་ཀྱི་རྒྱལ་མཚམས་མེད་པའི་མང་གཙོ་དེར་འཛམ་གླིང་ལུང་པ་གཞན་གྱིས་མིག་དཔེ་བླངས་འོས་པ་ཞིག་རེད་ཅེས་བརྗོད་སོང།

ཚོགས་པ་འདི་གཉིས་ཀྱི་ཚོགས་མིས་དྷ་ས་དང་སྦིར། དེ་བཞིན་མ་ན་ལི་བཅས་ལ་སྔོན་འགྲོའི་འོས་བསྡུར་རྟོག་ཞིབ་བྱེད་དུ་ཕེབས་ཡོད་པ་དང་། ཁོང་ཚོས་རྟོགས་ཞིབ་རྗེས་བསམ་འཆར་ཁག་ཅིག་བཏོན་ཡོད་པ་རེད།

༡) འོས་བསྡུ་ལྷན་ཁང་གིས་འོས་མིའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གཏོང་ཕྱོགས་ཐད་ཚད་བཀག་བཟོས་ཡོད་ནའང། ཁྲིམས་སྒྲིག་དེའི་ནང་གཞུང་གིས་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁ་ཤས་ཁྲིམས་དེར་གཡོལ་ཐུབ་པའི་ཐོག།ཁོ་ཚོས་འོས་འདོན་བྱས་པའི་འོས་མི་ཚོར་དམིགས་བསལ་ཁེ་བཟང་རག་ཡོད་པས། འོས་བསྡུ་ལྷན་ཁང་གིས་འོས་མིའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཚད་བཀག་དེ་བརྟན་པོ་དང། རང་ཉིད་ལ་ཕྱོགས་ལྷུང་གིས་སྐྱོན་འཛུགས་མི་ཡོང་བའི་ཆེད། གཞུང་གིས་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མར་འོས་མི་ཁྱབ་བསྒྲགས་བྱེད་པའི་ཆོག་མཆན་མ་སྤྲད་པ་དང། ཡང་ན་ཚོགས་པ་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་དགོས་པར་གལ་ཆེན་མཐོང།

༢) འོས་བསྡུར་བོད་མི་ཡོང་རྫོགས་མཉམ་ཞུགས་བྱེད་ཐུབ་པའི་རང་བཞིན་གྱི་ཁོར་ཡུག་ཅིག་བསྐྲུན་ཆེད། འོས་བླུགས་པར་དྭངས་བླངས་དཔྱ་ཁྲལ་དུས་ཐོག་སྤྲད་དགོས་པའི་སྒྲིག་གཞི་དེ་འགྱུར་བ་གཏང་ན་ཡག་པོ་མཐོང། འོས་བླུགས་རྒྱུ་ནི་མི་སྒེར་གྱི་གཞི་རྩའི་ཐོབ་ཐང་ཡིན་པས། དེ་ལ་མི་ཞིག་གིས་གཞུང་ལ་དྭངས་བླངས་དཔྱ་ཁྲལ་སྤྲད་ཡོད་མེད་ལ་སྦྱར་མི་རུང་བ་རེད། གཞུང་གིས་ཡོང་འབབ་བསགས་པར་དགའ་བསུ་ཡོད་ཀྱང། མི་མང་གིས་དཔྱ་ཁྲལ་དུས་ཐོག་སྤྲད་ཐབས་ལ་ཐབས་ལམ་གཞན་ཞིག་བཙལ་ཐུབ་པའི་རེ་བ་ཡོད།

༣) སྔོན་འགྲོའི་འོས་བསྡུར་འོས་སྒམ་ལ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་མིང་གཞུང་ལོགས་སུ་མེད་ཁར།འོས་ཤོག་ལ་འོས་མི་རྣམས་ལ་སྲིད་སྐྱོང་དང་སྤྱི་འཐུས་བཅུ་ཡི་མིང་དང་ལུང་ཚན། ས་གནས། ལས་གནད་སོགས་སྡེ་ཚན་བཞི་འབྲི་དགོས་པས། དེ་ནི་འོས་བླུགས་མཁན་རྣམས་ལ་དཀའ་ལས་དང་དུས་ཚོད་མང་པོ་འགྲོ་ཡི་འདུག་པས། དངོས་གཞི་འོས་བསྡུའི་སྐབས་འོས་བླུགས་པའི་བརྒྱུད་རིམ་ལས་སླ་རུ་གཏང་ཐུབ་ན་ཡག་པོ་མཐོང།

༤)འོས་བསྡུའི་བྱེད་ཕྱོགས་ལས་སླ་བ་ཡོད་ན་འོས་བསྡུ་ལྷན་ཁང་གིས་འོས་གྲངས་རྩི་རྒྱུར་དུས་ཚོད་ཉུང་བ་དང་འོས་གྲངས་ཁྱབ་བསྒྲགས་མགྱོགས་པ་བྱེད་ཐུབ་པ་དང། འོས་བསྡུ་ཚར་རྗེས་འོས་གྲངས་ག་ཚོད་མགྱོགས་པར་འདོན་ཐུབ་ཚེ། མི་མང་གིས་ཡིད་ཆེས་དང་གཡོ་ཟོལ་གྱི་གནས་ཚུལ་མི་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད།

བཙན་བྱོལ་བོད་མིའི་འོས་བསྡུ་ལ་རྒྱབ་སྐྱོར་བྱེད་ཆེད་ང་ཚོ་ཚོགས་པ་གཉིས་ཀྱིས་འོས་བསྡུའི་རྗེས་ཀྱི་དུས་རིམ་ལ་དོ་སྣང་བྱས་ཏེ། ང་ཚོས་ར་འཕྲོད་བྱུང་བའི་གནས་ཚུལ་དང་ལམ་སྟོན་འབྲེལ་བའི་སྙན་ཐོ་ཞིག་སྟོན་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་སོང་བ་དང། འོས་བསྡུ་ལྷན་ཁང་གིས་དངོས་གཞི་འོས་བསྡུར་སྲིད་སྐྱོང་འོས་གཞི་འདོན་ཕྱོགས་ཀྱི་སྒྲིག་གཞི་ཁྱབ་བསྒྲགས་བྱས་ཟིན་པ། དེ་རིང་ཞོགས་པར་གསར་འགོད་པའི་བརྒྱུད་ནས་ཤེས་རྟོགས་བྱུང་བས་དགའ་བསུ་ཡོད་ཅེས་གསུངས་སོང།

གསར་འགོད་པའི་དྲི་བ་ཞིག་གི་ལན་དུ། རྒྱལ་ཁབ་ཕལ་ཆེ་བར་འོས་བླུགས་ཆེད་དུ་དཔྱ་ཁྲལ་སྤྲད་མི་དགོས་པ་དང། གལ་ཏེ་མི་ཞིག་འོས་མིར་ལངས་ཀྱི་ཡོད་ཚེ། མི་དེ་ས་གནས་ཀྱི་འོས་བསྡུའི་ལྷན་ཚོགས་ནང་ཞུགས་མི་ཆོག་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།

ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ནི་ཕྱི་ལོ་༡༩༩༧ ལོར་འགོ་འཛུགས་བྱས་པ་དང་ཚོགས་པ་དེས་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་གནས་ཁག་གི་འོས་བསྡུར་བྱ་ར་བྱས་ཏེ། འོས་བསྡུ་དེ་མང་གཙོ་དང་ལྡན་པ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། ཁོང་ཚོར་ཚོགས་མི་ཨེ་ཤེ་ཡའི་ལུང་པ་བཅུ་ལས་མང་བ་ཡོད་འདུག

ཨེ་ཤེ་ཡ་མང་གཙོ་འབྲེལ་མཐུད་ཁང་ནི་ཕྱི་ལོ་༢༠༡༣ ལོར་འགོ་འཛུགས་བྱས་པ་དང། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་ཨེ་ཤེ་ཡའི་ལུང་པ་ཁག་ལ་མང་གཙོ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་ཡིན་པ་རེད་འདུག

ཚོགས་པ་དེ་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུར་རྟོག་ཞིབ་བྱེད་པའི་ལས་རིམ་དེ་ནི་བོད་ཀྱི་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་བྱས་པ་རེད་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།