བོད་ཀྱི་རྩ་དོན་གཏིང་བརྗེད་དུ་འགྲོ་བཞིན་པ།

འཇིགས་བྲལ་བསྟན་འཛིན། སུད་སི།

གླེང་གཞི།

ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འོས་འདེམས་ཀྱི་ལམ་ནས་བདམས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པར་ཆབ་སྲིད་ཀྱི་འགན་དབང་བརྩིས་སྤྲད་པ་ནས་ལོ་ངོ་ཧྲིལ་པོ་བཅུ་འཁོར་བཞིན་ཡོད། དུས་ཡུན་དེའི་ནང་ཡོངས་སུ་གྲགས་ཆེ་བའི་གླེང་གཞི་ནི་ད་ལྟའི་ལས་ཐོག་བཀའ་ཤག་དང་། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་དབར་ལྷགས་པའི་ཁ་མཆུ་ཨང་ ༢༠ པ་དང་། གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་འཕོ་འགྱུར་བཏང་བ་དང་འབྲེལ་བའི་གླེང་སློང་བཅས་ཀྱི་བརྒྱུད་རིམ་ཁྲོད་ང་ཚོས་བོད་ཀྱི་རྩ་དོན་གཏིང་བརྗེད་དུ་འགྲོ་བཞིན་པ་གསལ་པོར་མངོན་ཡོད།

ངོས་གཅིག་ལས་མི་མཐོང་བའི་ཁ་མཆུ།

ཁ་མཆུ་ཨང་ ༢༠ པར་མཚོན་ན་འགྲེལ་བཤད་ག་རེ་གནང་མིན་ལ་མ་ལྟོས་པར། དོན་དངོས་སུ་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཕམ་དང་འབྲེལ་ནས་བྱུང་ཡོད་པ་དེ་འདས་པའི་ལོ་ངོ་ལྔའི་རིང་གི་གནས་ཚུལ་རིམ་པའི་ཐོག་ནས་ཤེས་ཐུབ་པ་ཞིག་རེད། ཁ་མཆུ་ཨང་ ༢༠པར་བཀའ་ཤག་དོན་ཚན་བཅུའི་ལམ་ནས་ཡོངས་སུ་ཕམ་པ་རེད། རྩ་བའི་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་དྲང་བདེན་བྱུང་ཡོད་མེད་ཇི་ལྟར་ཡང་།མིག་མདུན་དུ་ལྷགས་པའི་ཀ་རྟགས་ཅན་གྱི་དྲི་བ་འགའ་ལ་ལན་ད་དུང་རག་མེད། དེ་ནི་བཀའ་ཤག་གིས་ཁ་མཆུ་ཨང་ ༢༠ པའི་ཉན་ཞིབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་བའི་དཔང་རྟགས་ཡིག་ཆ་ཨང་ པ་རུ་འབོད་པའི་ཡིག་ཆ་དེའི་སྐོར་རེད། ཡིག་ཆ་དེའི་ནང་ག་རེ་འཁོད་པ་མང་ཚོགས་ལ་ཤེས་སུ་འཇུག་དགོས་ལ། མང་ཚོགས་ལ་དེའི་ནང་དོན་ཤེས་རྟོགས་ཀྱི་ཐོབ་ཐང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཐད་ཀར་བཤད་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཚིག་གིས་མཚོན་ཐབས་བྲལ་བའི་ནང་ཁུལ་འགལ་བ་ཚད་མཐོར་སླེབས་ཡོད་ན་ཡང་། ད་དུང་མང་ཚོགས་ཀྱིས་བསྐོས་པའི་སྲིད་སྐྱོང་གིས་མང་ཚོགས་ནག་ཁུང་ནང་འཇོག་རྒྱུ་འདི་མང་ཚོགས་ལ་འགན་ཁུར་བ་ཞིག་ཏུ་ངོས་འཛིན་ནམ་ཡང་བྱེད་ཐབས་བྲལ་བ་ཞིག་རེད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་སྲིད་སྐྱོང་གིས་མང་ཚོགས་འདི་ལྟར་ནག་ཁུང་ནང་བཞག་ན་ཐུགས་དགྱེས་ཀྱི་ཡོད་པར་ངོས་འཛིན་ནམ་ཡང་བྱེད་ཐབས་མི་འདུག

ཁ་མཆུ་ཨང་ ༢༠ པའི་ཉན་ཞིབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གིས་ཕུལ་བའི་དཔང་རྟགས་ཡིག་ཆ་ཨང་ པ་དེ་བཞིན་ངོས་བཞེས་མ་གནང་བའི་མ་ཚད། ཡིག་ཆ་དེ་བཀའ་ཤག་ལ་ཕྱིར་སྤྲོད་གནང་ཡོད། མ་ཟད་བཀའ་ཤག་གིས་ཕུལ་བའི་ཡིག་ཆ་ཨང་ པར་ནང་དོན་འདི་འདྲ་འདུག དེར་བརྟེན་ཁ་མཆུ་ཨང་ ༢༠ པའི་དཔང་རྟགས་ཡིག་ཆར་ངོས་ལེན་བྱེད་ཐབས་མེད་པའི་རྒྱུ་མཚན་འདི་ཡིན་མ་གསུངས་པར། བཀའ་ཤག་གིས་ཕུལ་བའི་ཡིག་ཆ་དེ་ག་རེའི་སྐོར་ལ་ཡིན་པ་མུ་མཐུད་དྲི་བ་ཞིག་གི་ངོ་བོར་ག་རེ་བྱས་ནས་ལྷགས་བཅུག་པ་རེད།

དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཨ་རིར་གནས་སྡོད་བོད་མི་ཞིག་ནས་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་བའི་རྗེས་སུ།དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཕྱིར་ཁྲིད་ཤོག་ཟེར་བ་འབྲི་བཞིན། ཨ་རི་ནང་གི་བོད་དོན་རྒྱབ་སྐྱོར་བ་གཙོ་གྲས་ཨ་རིའི་གྲོས་ཚོགས་འོག་མའི་ད་ལྟའི་ཚོགས་གཙོ་ལྕམ་སྐུ་ནན་སི་ པེ་ལོ་སི་དང་། སྐུ་ཞབས་རི་ཆར་ གྷི་རི་སོགས་ལ་སྐྱོན་བརྗོད་ཀྱི་ཡི་གེ་སྤྱི་ཚོགས་དྲ་ལམ་ཐོག་འཛེམས་ཟོན་མེད་པའི་ཐོག་ནས་བཀྲམས་པ་རེད། ལྕམ་སྐུ་ནན་སི་ པེ་ལོ་སི་ལ་མཚོན་ན་ ༢༠༠༨ ལོར་བོད་མི་མང་དཀའ་སྡུག་ཤིན་ཏུ་ཆེ་བའི་དུས་སུ་བཞུགས་སྒར་རྡ་སར་བོད་མིར་སེམས་གསོ་དང་རྒྱབ་སྐྱོར་གྱི་ཆེད་དུ་འཚམ་འདྲིར་ཕེབས་མཁན་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད།སྐུ་ཞབས་རི་ཆར་ གྷི་རི་ལ་མཚོན་ན་རང་ཉིད་ཀྱི་དཔལ་འབྱོར་བཟོ་བའི་ལམ་ཁ་དང་། བོད་མི་མང་ལ་རྒྱབ་སྐྱོར་བྱེད་རྒྱུ་གཉིས་ལས་བོད་མི་མང་ལ་རྒྱབ་སྐྱོར་གནང་མཁན་ཆགས་ཡོད་པ་རྩོད་མེད་རེད། དེ་ལྟའི་བོད་མི་མང་ལ་བཀའ་དྲིན་ཆེ་བའི་མི་སྣ་འདི་ཚོར་དྲིན་ལ་དྲིན་དུ་མ་ཚོར་བའི་སྐྱོན་བརྗོད་ཀྱི་ཡི་གེ་འདྲ་མིན་བྲིས་ན་ཡང་། བོད་པའི་གསར་འགྱུར་བརྒྱུད་ལམ་གང་གིས་ཀྱང་གནད་དོན་འདིའི་ཐད་འདྲི་བརྩད་ཀྱིས་གསར་འགྱུར་གང་ཡང་བཏོན་མེད་ལ། དོན་ཟུར་སྤེན་ཚེ་ལགས་ནས་ཀྱང་རང་གི་རྒྱབ་སྐྱོར་བར་དེའི་ཐད་བློ་ཕམ་ཡོད་སྐོར་ཙམ་ཡང་གསུངས་ཡོད་པ་གོ་ཐོས་མ་བྱུང་། དེར་བརྟེན་དོན་ཟུར་སྤེན་ཚེ་ལགས་ལས་གནས་ནས་འཕོ་འགྱུར་བཏང་བ་དང་ལམ་སེང་བོད་དོན་རྒྱབ་སྐྱོར་བ་གལ་ཆེན་མི་སྣ་འདི་དག་ལ་སྐྱོན་བརྗོད་བྱེད་དོན་དང་། བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་བའི་དཔང་རྟགས་ཡིག་ཆ་ཨང་ པ་འདི་གཉིས་ཀྱི་དབར་ན་འབྲེལ་བ་ཞིག་ཡོད་དམ་མེད། གལ་ཏེ་ཡིག་ཆ་ཨང་ པ་ཟེར་བ་བོད་དོན་རྒྱབ་སྐྱོར་བ་འདི་དག་ལ་འབྲེལ་བ་ཡོད་ན།དོན་ཟུར་སྤེན་ཚེ་ལགས་ཀྱིས་སྲིད་སྐྱོང་བྱེད་ཡོང་དུས་བོད་དོན་རྒྱབ་སྐྱོར་བ་འདི་ཚོས་དབུས་བོད་མིའི་སྒྲིག་འཛུགས་ལ་རྣམ་འགྱུར་དང་བརྡ་ལན་ག་རེ་གནང་གི་རེད། དེར་བརྟེན་དྲི་བ་འདི་དག་ལ་ལན་ཞིག་ཐོབ་ཆེད། མང་ཚོགས་ཀྱིས་འདྲི་བརྩད་ནན་པོ་བྱེད་དགོས་པ་ཞིག་ཏུ་མཐོང་གི་ཡོད།

རང་ངོ་མ་ཟིན་པའི་བཅའ་ཁྲིམས་འཐེན་འཁྱེར།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ཚོ་བོད་ཀྱི་ཡུལ་མིའི་ལས་འགན་ཚུལ་བཞིན་མ་བསྒྲུབས་པར་བཤད་དེ་འོས་འཕེན་གྱི་ཐོབ་ཐང་འཕྲོག གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་འཕོ་འགྱུར་བཏང་། དེའི་ཐད་ཁྲིམས་ཞིབ་པ་གསུམ་ཡིན་ན་འདྲ། སྤྱི་འཐུས་རྣམ་པ་ཡིན་ནའང་འདྲ། རང་རང་གི་ས་ནས་ཁྲིམས་སྒྲིག་ལུང་འདྲེན་བྱས་ཡོད་ལ། མ་རེད་ཟེར་ཡ་མེད་པའི་ཁྲིམས་སྒྲིག་རེ་ལུང་འདྲེན་གནང་ཡོད།

གནད་དོན་འདིའི་ཐད་ཨོ་སི་ཀྲོ་ལི་ཡར་གནས་སྡོད་ངའི་གྲོགས་པོ་ཞིག་གིས་གླེང་སྟེགས་ཤིག་ཏུ་བསམ་ཚུལ་འདི་འདྲ་ཞིག་བཤད་སོང་། ཁོང་གིས་བཤད་དོན། ང་ཚོའི་ཁྲིམས་དེ་བཅའ་ཁྲིམས་ཡིན་པ་ལས་རྩ་ཁྲིམས་མ་རེད། དེ་ཡིན་དུས་བཅའ་ཁྲིམས་དེ་ལག་བསྟར་བྱེད་ས་ཡོད་མེད་གཙོ་བོ་རྒྱ་གར་གྱི་ཡུལ་ཁྲིམས་ལ་ལྟོས་དགོས་པ་རེད་དེ། ང་ཚོའི་གནས་སྟངས་ཀྱི་དབང་གིས་ཡུལ་ཁྲིམས་དེ་ཡང་རྒྱ་གར་གྱི་ཡུལ་ཁྲིམས་གཅིག་པུ་མིན་པར་བཙན་བྱོལ་བོད་མི་གནས་ཡུལ་རྒྱལ་ཁབ་ཚོའི་ཡུལ་ཁྲིམས་ལ་ལྟོས་དགོས་པ་རེད། ལྷག་པར་རྒྱ་ནད་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་འགྲོ་བའི་སྐབས་སུ་སྤྱི་འཐུས་གྲོས་ཚོགས་འཚོགས་ཐུབ་མིན་ནི་རྒྱལ་ཁབ་མང་པོའི་ཡུལ་ཁྲིམས་ལ་ལྟོས་དགོས་པ་རེད།དེ་ཡིན་དུས་གྲོས་ཚོགས་འཚོགས་རྒྱུ་ལ་རྒྱལ་ཁབ་མང་པོའི་ཡུལ་ཁྲིམས་ཀྱིས་བཀག་རྒྱ་རང་བཞིན་གྱིས་ཐེབས་ཡོད་ན། བཅའ་ཁྲིམས་ནང་ག་རེ་བྲིས་ཡོད་ཀྱང་དེ་ལག་བསྟར་བྱེད་ཡུལ་ཡོད་མ་རེད་ཟེར། བསམ་བློ་བཏང་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡང་ཡུལ་ཁྲིམས་དང་མ་འགལ་བ་གཞིར་བཞག་གིས་བཟོས་ཡོད་ལ། དེ་ནི་རྩོད་པ་གང་ཡང་མེད་པ་ཞིག་རེད། དེ་ཡིན་དུས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་འགྲེལ་བརྗོད་གནང་སྐབས་ཡུལ་ཁྲིམས་ལ་ལྟོས་པའི་གནས་སྟངས་འདི་མཁྱེན་བཞིན་དུ་འདིའི་ཐད་ཚིག་གཅིག་མ་གསུངས་པ་འདིས། རིན་པོ་ཆེ་མཆོག་གིས་རྙོག་གླེང་འདིའི་ཐད་བཅར་འདྲི་དྭངས་ལེན་གནང་བའི་དམིགས་ཡུལ་གང་ཡིན་ལ་རང་བཞིན་གྱིས་དོགས་གནས་སླེབས་ཡོང་བ་ཞིག་རེད།

དེ་བས་ད་ལྟ་ང་ཚོས་ང་ཚོ་རྒྱལ་ཁབ་མང་པོའི་ཡུལ་ཁྲིམས་ལ་ལྟོས་དགོས་པའི་རང་གི་དོན་དངོས་ཀྱི་ཡ་ང་བའི་བཙན་བྱོལ་བའི་གནས་བབ་ཀྱི་གནད་དོན་འདི་ཚོ་ལ་བསམ་བློ་གཏོང་གི་མེད་པར། ནང་ཁུལ་ཕྱོགས་གཉིས་སུ་ཕྱེ་ཐབས་དང་། དེ་ནས་ཕྱོགས་དེ་གཉིས་ནས་སུ་རྒྱལ་དང་། སུ་ཕམ་ཁོ་ན་ལ་བསམ་བློ་གཏོང་གི་ཡོད་པ་འདྲ་ཞིག་ཏུ་མཐོང་གི་ཡོད་ལ། དེའི་ཆེད་དུ་དེང་སང་གྲོས་ཚོགས་ལ་སྙན་ཞུ་ཁ་བ་བབ་བབ་རེད། ཡིན་ནའང་ད་བར་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་པའི་སྙན་ཞུ་གང་གིས་ཀྱང་ང་ཚོའི་ཁྲིམས་དེ་བཅའ་ཁྲིམས་ཡིན་པ་དང་། ཐེངས་འདིའི་དཀའ་ཁག་འདི་ལྟ་བུ་མ་འོངས་པར་འཕྲད་སྐབས་དཀའ་ངལ་སེལ་ཐབས་སུ་ཁྲིམས་སྒྲིག་གི་ཐོག་ལ་འགྱུར་བ་ག་རེ་གཏོང་དགོས་མིན་ལྟ་བུ་སྙན་ཞུའི་ནང་ཚིག་གཅིག་འཁོད་པ་མཐོང་ཡུལ་ན་མི་འདུག དེ་ལས་ལྡོག་སྟེ་ཕན་ཚུན་ནག་པོ་བཟོ་ཐབས་རྐྱང་རྐྱང་རེད་འདུག ཕྱོགས་འཐེན་དཔུང་བསྒྲིགས་རྐྱང་རྐྱང་རེད་འདུག དེའི་འབྲས་བུར་མི་མང་ནང་ཁུལ་དུམ་བུ་གཉིས་སུ་འགྲོ་ཤུགས་ཇེ་ཆེ་རེད། དེ་ནི་ང་ཚོས་རང་གི་ངོ་གདོང་གི་གནས་བབ་དང་། ང་ཚོས་བོད་ཀྱི་རྩ་དོན་གཏིང་བརྗེད་དུ་འགྲོ་བཞིན་པའི་དཔང་རྟགས་གསོན་པོ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་རེད།

མཐའ་བསྡོམས།

གཤམ་འཁོད་ངོན་ཚན་ཁག་ལ་དགོངས་པ་གཟབ་ནན་བཞེས་པ་ཡིན་ན། ད་དུང་ང་ཚོ་ལ་རེ་བ་དང་མདུན་ལམ་ཞིག་ཡོད་པར་བསམ་གྱི་ཡོད།

དོན་ཚན་དང་པོ། ང་ཚོས་ང་ཚོ་རང་ཉིད་སུ་ཡིན་པ་དང་། ང་ཚོ་ད་ལྟ་གང་ན་ཡོད་པ་དྲན་གསོ་གཏོང་དགོས་རྒྱུ།

དོན་ཚན་གཉིས་པ། ཁྲིམས་ཞིབ་ཁང་གིས་མ་འོངས་པར་མི་མང་གིས་གནས་ཚུལ་ངོས་གཅིག་ལས་མི་མཐོང་བའི་ཁ་མཆུའི་བཅད་ཁྲ་གཏོང་ལམ་མེད་པ་བཟོ་དགོས་རྒྱུ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུས་ཡུན་ཚད་བཀག་དགོས་རྒྱུ་དང་། དེ་བཞིན་ཉུང་མཐར་ཁྲིམས་དྲུང་གཉིས་ཡོད་པ་བཟོ་དགོས་རྒྱུ།

དོན་ཚན་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཁྲིམས་བཟོ་གྲོས་ཚོགས་དབར་གྱི་འགན་དབང་ཁྲིམས་ལུགས་ཀྱི་ལམ་ནས་ཁ་གསལ་བཟོ་དགོས་རྒྱུ།

དོན་ཚན་བཞི་པ། ཐེངས་འདིའི་བཅའ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཀྱི་རྩོད་གླེང་འདི་དག་དང་བསྟུན་ནས། མང་གཙོའི་ཀ་བ་གསུམ་གྱི་དབང་ཆའི་ས་མཚམས་ཁྲིམས་སྒྲིག་གི་ལམ་ནས་གསལ་པོ་བཟོ་དགོས་རྒྱུ་བཅས་མིན་ནམ་སྙམ།