བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་ཨ་རི་བ་བླ་མ་དཀར་པོ་ཞེས་པ་དབུ་འབྱེད་གནང་སོང་།

བོད་དུ་ཕེབས་ནས་རྒྱལ་ཚབ་རྭ་སྒྲེང་དང་འབྲེལ་བ་བྱུང་བ་དང་། དེ་བཞིན་དགེ་འདུན་ཆོས་འཕེལ་ཨ་རིར་གདན་འདྲེན་ཞུ་ཐབས་བྱེད་མཁན་དང་། སྐབས་དེའི་བོད་ཀྱི་གནས་བབ་སོགས་འཁོད་པའི་ལོ་རྒྱུས་ཀྱི་དེབ་ཨ་རི་བ་བླ་མ་དཀར་པོ། རྒྱལ་ཚབ་ཀྱི་ཐུགས་རེ་དང་དགེ་ཆོས་ཀྱི་རྨི་ལམ་ཞེས་པ་དེ་དབུ་འབྱེད་གནང་སོང་།

དེ་ཡང་ཟླ་༧ པའི་ཚེས་༥ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས། རྡ་ས་མེག་གྷན་དུ་ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ། རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་བརྩམས་པའི་ལོ་རྒྱུས་ཀྱི་དཔེ་དེབ་ཨ་རི་བ་བླ་མ་དཀར་པོ་ཞེས་པ་དེ་དབུ་འབྱེད་གནང་སོང་། 

རྩོམ་པ་པོ་ཁོང་གིས་གསུང་དོན་ལ། ཨ་རི་བ་(Theos Casimir Hamati Bernard) སྐོར་གྱི་ལོ་རྒྱུས་འབྲི་དགོས་དོན་ནི། བོད་ནང་གི་རྩོམ་པ་པོ་དང་ཉམས་ཞིབ་པ་ཚོས་ལྟ་ཀློག་དང་རྒྱུ་ཆ་མ་འདང་བ་མང་པོ་ཞིག་བཙན་བྱོལ་ནང་ནས་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པས། བཙན་བྱོལ་ནང་གི་ཉམས་ཞིབ་པ་དང་རྩོམ་པ་པོ་ཚོས་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བྱེད་རྒྱུའི་འགན་ཡོད་པ། དེ་བཞིན་ཨ་རི་བ་བླ་མ་དཀར་པོ་བོད་དུ་ནང་ཆོས་སོགས་སློབ་གཉེར་བྱེད་པར་སླེབས་ནས་སྐབས་དེའི་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེ་དང་ཐུག་འཕྲད་འབྲེལ་བ་བྱུང་ནས། ཨ་རིར་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་བྱེད་འདོད་ཡོད་སྐོར་བརྗོད་པ་དང་། རྒྱལ་ཚབ་ཀྱིས་སྐབས་དེའི་ཨ་རིའི་སྲིད་འཛིན་ལ་ཕྱག་ཡིག་གཅིག་ཁོང་བརྒྱུད་ནས་བསྐུར་ཡོད་པ་དེ་ལོ་རྒྱུས་ཐོག་གལ་གནད་གཅིག་ཆགས་ཀྱི་ཡོད་པ། ཕྱག་ཡིག་དེ་ཁོང་གིས་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་ལ་དངོས་སུ་འབུལ་ཐུབ་མེད་ཀྱང་། ད་ལྟའི་ཆར་ཕྱག་ཡིག་དེ་བསྡད་ཡོད་པས་བོད་པ་ཚོས་ཕྱག་ཡིག་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཁག་ཏུ་ཁོང་ཨ་རིར་ཕེབས་འཆར་ཡོད་པ་རེད་ཀྱང་ཕེབས་ཐུབ་མེད་སྐོར་ལས། ལོ་རྒྱུས་ཞིབ་ཕྲ་མེད་པས། དེབ་དེའི་ནང་ཨ་རི་བ་བླ་མ་དཀར་པོ་དང་དགེ་ཆོས་གཉིས་འབྲེལ་བ་བྱུང་སྐོར་དང་། དགེ་ཆོས་ཨ་རིར་གདན་དྲངས་ཆེད་དུ་དཀའ་ལས་གང་འདྲ་བརྒྱབ་ཡོད་མེད་སོགས་ཀྱི་ལོ་རྒྱུས་འཁོད་ཡོད་སྐོར་གསུངས་སོང་། དཔེ་དེབ་དེ་རྩོམ་པ་པོ་ཁོང་གི་དཔེ་དེབ་ལྔ་བ་དེ་ཡིན་ཁར། བོད་ནང་གི་ཡུན་ནན་མི་རིགས་སྒྱུ་རྩལ་པར་སྐྲུན་ཁང་ནས་པར་སྐྲུན་གནང་ཡོད་པ་རེད་འདུག 

ཀིརྟིའི་བྱེས་པ་གྲྭ་ཚང་གི་རྩོམ་སྒྲིག་འགན་འཛིན་ཟུར་པ་ཚོང་རུ་སེང་གེས་དཔེ་དེབ་འདི་ཞུ་དག་གནང་ཡོད་འདུག་པ་དང་། ཁོང་གིས་གསུང་དོན་ལ་དཔེ་དེབ་འདིའི་ནང་ལོ་རྒྱུས་ཀྱི་གལ་གནད་མང་དག་གཅིག་ཡོད་པས། ལྟ་ཀློག་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ཀྱིས་གསུང་དོན་ལ། དཔེ་དེབ་འདི་ནི་ལོ་རྒྱུས་ཀྱི་དེབ་གལ་ཆེན་ཞིག་ཡིན་པ་དང་། ཟིན་ཐོ་ཡིན་པའི་རྣམ་པ་ཤུགས་ཆེན་པོ་ཐོན་གྱི་ཡོད་པའི་དམིགས་བསལ་ཁྱད་ཆོས་ལྡན་པ། དེབ་དེའི་ནང་གནད་དོན་གལ་ཆེན་མང་པོ་ཞིག་ཤེས་ཐུབ་ཀྱི་ཡོད་ཁར། ཟིན་ཐོའི་ཐོག་ནས་ལོ་རྒྱུས་འབྲི་སྟངས་དེ་ཁྱབ་སྤེལ་གཏོང་ཐུབ་པ། བླ་མ་དཀར་པོའི་ལོ་རྒྱུས་བཀླགས་ནས་རང་ཉིད་ལ་སེམས་ཤུགས་འཕར་ཐུབ་པ། དེ་བཞིན་ཉམས་ཞིབ་པ་གཞན་ཚོས་དེབ་དེའི་ནང་ཡོད་པའི་ཉམས་ཞིབ་ཀྱི་ས་ཁོངས་རྒྱ་ཆེན་པོར་ཉམས་ཞིབ་བྱེད་རྒྱུ་ཡོད་པ་སོགས་ཀྱི་དགེ་མཚན་མང་པོ་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།