བོད་ཀྱི་ལོ་རྒྱུས་དེ་ཙམ་ཤེས་ཀྱི་མེད།
ཨི་ལིའོ་ཊ་སྤེར་ལིང་།
བོད་མི་མང་པོ་ཞིག་ལ་ཁོང་ཚོའི་ས་ཆ་དེ་ལོ་རྒྱུས་ཀྱི་ནང་རང་དབང་རང་བཙན་ཡིན་པར་དོགས་པ་རྩ་བ་ནས་མེད། ཁོ་ཚོས་བོད་ནི་གནའ་ནས་ད་བར་རང་དབང་ཆ་ཚང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་བཤད། རྒྱ་ནག་གིས་ཀྱང་གོང་དང་མཚུངས་པར་ཨུ་ཚུགས་མཐར་བསྐྱལ་གྱིས་སོག་པའི་དབང་བསྒྱུར་སྐབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་པ་དང་དེ་ནས་བཟུང་གནས་སྟངས་ལ་འགྱུར་བ་ཕྱིན་མེད་པར་བཤད། བཤད་ཚུལ་འདི་གཉིས་ཀ་བོད་ཀྱི་ལོ་རྒྱུས་དང་མི་མཐུན།
བོད་པ་ཚོས་དུས་རབས་བདུན་པའི་ནང་དུ་ཨེ་ཤི་ཡ་ནང་མར་དབང་བསྒྱུར་བའི་སྟོབས་ཆེན་གྱི་རྒྱལ་ཁབ་འདི་ཉིད་བྱུང་བ་ནས་བཟུང་ཕྱིའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་རྩ་བ་ནས་བསྡད་མེད་པར་འདོད། ཁོ་ཚོས་དུས་རབས་བཅུ་གསུམ་དང་བཅུ་བཞི་པའི་ཡོན་རྒྱལ་རབས་ཀྱི་སྐབས་བོད་སོག་པོའི་དབང་བསྒྱུར་འོག་ཏུ་བསྡད་པ་དང་། དུས་རབས་བཅོ་བརྒྱད་ནས་ཉི་ཤུའི་བར་ཆིང་གི་དབང་བསྒྱུར་འོག་ཏུ་བསྡད་པ་ལྟ་བུའི་སྣང་ཚུལ་བྱུང་བ་ནི་དེང་རབས་པ་སྤྱི་དང་། ལྷག་པར་དུ་ནུབ་ཕྱོགས་པ་ཚོར་ཡོན་དང་ཆིང་གི་གོང་མ་ཚོ་དང་བོད་ཀྱི་བླ་ཆེན་རྣམས་ཀྱི་བར་དུ་བྱུང་བའི་སྒེར་གྱི་འབྲེལ་བ་དེར་གོ་ལོག་བྱུང་བར་བརྗོད། ཁོ་ཚོའི་ལྟ་ཚུལ་འདི་ལྟར་ན་བླ་མ་རྣམས་ཀྱིས་བོད་རང་བཙན་གྱི་གནས་བབ་ལ་སྣོན་འཕྲི་གང་ཡང་མེད་པའི་ཐོག་ནས་གོང་མ་ཚོའི་དབུ་བླ་གནང་བ་ཙམ་རེད།
རྒྱ་ནག་ལྟར་ན་ནུབ་ཕྱོགས་པ་ཚོས་རྒྱ་ནག་གི་ངོ་བོ་དེ་ཅི་འདྲ་ཡིན་པ་མ་རྟོགས་པས་གོ་ལོག་བྱུང་བར་འདོད། ཁོ་ཚོས་ནུབ་ཕྱོགས་ཀྱི་དཔྱད་བརྗོད་པ་ཚོས་རྒྱ་ནག་ལ་ མི་རིགས་མང་པོ་མཉམ་འདུས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོར་བསྡད་པའི་ལོ་རྒྱུས་ཡོད་པ་མི་ཤེས་པར་བརྗོད་ལ། མི་རིགས་དེ་རྣམས་ནི་རྒྱ་རིགས་འབའ་ཞིག་ཡིན་པར་བཤད། ཕྱི་ནས་བཙན་འཛུལ་བྱས་ཏེ་དབང་བསྒྱུར་དུ་ཡོང་བའི་སོག་པོ་རྣམས་ཀྱང་རྒྱ་རིགས་ཡིན་པར་བརྗོད་ཅིང་། ཁོ་ཚོས་བོད་ལ་དབང་བསྒྱུར་བ་ནི་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བ་ཡིན་པ་བཤད།
དོན་དངོས་ནི་འདི་ལྟར་ཏེ། བོད་མི་རྣམས་ཀྱིས་འབྲེལ་བ་དེ་ནི་བོད་ཀྱི་དབུ་ཁྲིད་དང་རྒྱ་ནག་བར་གྱི་སྒེར་གྱི་འབྲེལ་བ་ཙམ་ཡིན་ཚུལ་བཤད་པ་དེ་ནི་ལས་སླ་བོས་སུན་འབྱིན་པར་བྱེད་དེ། གཞུང་འབྲེལ་ཡིག་ཆ་དང་རྒྱལ་རབས་ལོ་རྒྱུས་ཀྱིས་སོག་པོ་དང་མན་ཇུའི་འཛིན་སྐྱོང་གི་སྒྲོམ་གཞི་གསལ་བར་བསྟན་ཡོད། དེས་བོད་འདི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དབང་འཛིན་པ་རྣམས་ཀྱི་ཁྲིམས་དང་སྒྲིག་གཞི། ཐག་གཅོད་བྱ་ཡུལ་བཅས་སུ་གྱུར་མྱོང་བ་གསལ་བར་བསྟན་པ་རེད། བོད་འདི་རྒྱལ་རབས་འདི་གཉིས་ཀྱི་རིང་ལ་རང་བཙན་དུ་གནས་ཐུབ་མེད། དུས་རབས་བཅོ་བརྒྱད་པའི་སྨད་དུ་པེ་ཅིན་དུ་བཀུག་པའི་བཀའ་བློན་ཞིག་གི་བརྗེད་ཐོར་ཁོང་ནི་མན་ཇུ་གོང་མའི་མངའ་འབངས་ཡིན་ཚུལ་གསལ་བར་འཁོད་འདུག
བོད་ཀྱིས་སོག་པོ་དང་མན་ཇུའི་དབང་བསྒྱུར་ཁས་བླངས་ཡོད་ནའང་། དེ་གཉིས་གང་གིས་ཀྱང་བོད་རྒྱ་ནག་དང་སྦྲེལ་མེད། བོད་དེ་སོག་པོ་དང་མན་ཇུའི་དབང་བསྒྱུར་འོག་ཏུ་ཡོད་པ་བསྟན་པའི་ཡིག་ཆ་དེ་དག་གིས་དེའི་བར་གྱི་རྒྱ་ནག་གི་མིང་རྒྱལ་རབས་(དེས་༡༣༦༨ ནས་ ༡༦༤༤ བར་དབང་བསྒྱུར)ལ་བོད་ཀྱི་ཐོག་ཐེ་བྱུས་གང་ཡང་མེད་པའང་གསལ་བོར་བསྟན་ཡོད། རྒྱ་ནག་གིས་ཁོ་ཚོའི་རྒྱལ་ཁབ་ནི་དུས་རབས་བཅུ་གསུམ་པ་ནས་བཟུང་ཟམ་མ་ཆད་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་གནས་པར་བཤད་པར་སོང་འདི་ནི་རྩོད་རྙོག་ཆེན་པོ་ཞིག་རེད།
བོད་དེ་དུས་རབས་བཅུ་གསུམ་པའི་སྐབས་རྒྱ་ནག་གི་ཆ་ཤས་སུ་གྱུར་པའི་ལྟ་ཚུལ་དེ་ནི་ཉེ་བའི་དུས་ལ་གསར་དུ་བཟོས་པ་ཞིག་རེད། དུས་རབས་ཉི་ཤུ་པའི་མགོ་སྟོད་ལ་རྒྱ་རིགས་ཀྱི་རྩོམ་པ་པོ་རྣམས་ཀྱིས་བོད་དབང་བསྡུས་བའི་ལོ་དུས་ནི་དུས་རབས་བཅོ་བརྒྱད་པ་བརྩི་གི་ཡོད། ཁོ་ཚོས་ཆིང་གི་འོག་གི་བོད་ཀྱི་གནས་སྟངས་འགྲེལ་དུས་རྒྱ་ནག་གི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཡིན་ཚུལ་མི་བཤད་པར་ “ཞིང་བྲན་གཞན་བརྟེན་”གྱི་གོ་དོན་བསྟན་པའི་བརྡ་ཆད་ཅིག་སྦྱོར་གྱི་ཡོད། དེའི་རྒྱུ་མཚན་ནི་སོག་པོ་དང་མན་ཇུའི་རྒྱལ་རབས་སྐབས་བོད་ལ་དེ་ལྟར་དབང་བསྒྱུར་བས་རེད། ཕྱི་ལོ་༡༩༡༡ ལོར་ཆིང་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པ་དང་སླར་ཡང་བོད་དེ་རང་དབང་གཙང་མ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར།
ཕྱི་ལོ་༡༩༡༢ ནས་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བཙུགས་ཀྱི་བར་དུ་དེང་སང་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་ཞེས་པར་རྒྱ་ནག་གཞུང་གིས་དབང་བསྒྱུར་གང་ཡང་བྱས་མེད་ལ། ༧གོང་ས་ཏཱ་ལའི་བླ་མའི་སྲིད་གཞུང་ཁོ་ནས་༡༩༥༡ བར་དུ་དབང་བསྒྱུར་བ་རེད།
རྒྱ་ནག་དམར་ཤོག་གིས་མགོ་བདེའི་བརྡ་ཆད་ཅིག་སྤྱད་དེ་རྒྱ་ནག་ནི་གོང་མའི་སྲིད་གཞུང་འདྲ་མིན་གྱི་ལྟེ་བ་མིན་པར་མི་རིགས་མང་པོ་མཉམ་འདུས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་བརྗོད། རྒྱ་རིགས་ཅེས་པར་དོན་གཅིག་མིང་གི་རྣམ་གྲངས་ཁ་ཤས་ཡོད་པ་ལས་ཧན་ནི་དེ་དག་གི་གཅིག་ཡིན་མོད། དེང་སང་དེ་ནི་རྒྱ་ནག་གི་མི་རིགས་བྱེ་བྲག་པ་ཞིག་གི་མིང་དུ་བསྙད། འདི་ནི་དུས་རབས་ཉི་ཤུ་པའི་རྒྱ་རིགས་ཀྱི་ངོ་བོ་གསར་བཟོ་བྱེད་མཁན་རྣམས་ཀྱི་དམིགས་ཡུལ་ཡོད་པའི་ཐག་གཅོད་ཅིག་རེད།(དེ་ཨུ་རུ་སུས་ཨུ་རུ་སུ་སྤྱི་མཐུན་ཚོགས་པའི་མི་མང་ལ་སུའུ་ཝེད་ཅེས་འབོད་རྒྱུ་ཐག་བཅད་པའི་ལྡོག་ཕྱོགས་སུ་གྱུར་ཡོད།)
ད་དུང་ཕྱོགས་གཉིས་ཀར་རྩོད་གླེང་ཅུང་ཡོད་མོད། རྒྱ་ནག་ཕྱོགས་ཀྱི་རྩོད་གླེང་ལ་དོན་སྙིང་ཆུང་བ་འདུག བོད་དེ་མོའོ་ཙེ་ཏུང་གི་དམག་དཔུང་ཤར་བསྐྱོད་བྱས་ནས་རྒྱ་རིགས་སུ་མ་བཟོས་བར་དུ་ “རྒྱ་རིགས་”མིན།
(འཇམ་དབྱངས་གྲགས་པས་བོད་ཡིག་ཏུ་བསྒྱུར། དགེའོ། །)
https://mobile.nytimes.com/2008/04/13/opinion/13sperling.html