བོད་ཀྱི་ལོ་སར་ཉིན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སོང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་བོད་ཀྱི་ལོ་སར་ཉིན་མོར་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་། དྷི་ལྷ་ལྡན་གཉིས་རྒྱ་ནག་གི་བཙོན་འོག་ནས་གློད་གྲོལ་དགོས་པའི་དགོས་འདུན་འོག རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སོང་།

ཕྱི་ཟླ་༣ པའི་ཚེས་༣ ཉིན་ཏེ། བོད་རྒྱལ་ལོ་༢༡༤༩ རབ་གནས་ཆུ་སྟག་ལོའི་ལོ་སར་ཉིན་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་བོད་ཀྱི་ལོ་སར་ཉིན་གྱི་ལས་འགུལ་ཐེངས་དགུ་པ་དེ་ནུབ་ཨོ་གླིང་གི་ས་ཁུལ་ཨལ་བྷན་ནེ་(Albany) ནས་འགོ་འཛུགས་ཀྱིས་ནུབ་ཨོ་གླིང་གི་རྒྱལ་སའི་ལྟེ་བ་ཕིར་ཐི་(Perth) བར་དུ་ལེ་བར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་སོང་།

བསྟན་པ་དར་རྒྱས་ཀྱིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “བོད་ཀྱི་ལོ་སར་ཉིན་མོ་མྱ་ངན་དང་སྨྲེ་སྔགས་ཀྱིས་བསུ་དགོས་དོན་ནི། བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོའི་ཆེད་དུ། རང་དབང་དང་མང་གཙོ་ཡི་སླད་དུ། བདེན་དོན་དང་ཞི་བདེ་ཡི་དོན་དུ། རང་ལུས་མེ་སྲེག་གཏོང་མཁན་ཚོ་གཙོས་ད་ལྟ་རྒྱ་ནག་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་དཔའ་པོ་དཔའ་མོ་ཚོ་དང་། དེ་དག་གི་ཤུལ་ལུས་ཕ་མ་སྤུན་མཆེད་ཚོ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ། ང་ཁྱེད་ཚོ་དང་ལྷན་དུ་ཡོད། ཁྱེད་ཚོའི་འབོད་སྒྲ་སྒྲོག་བཞིན་ཡོད། ཁྱེད་ཚོའི་དཀའ་སྡུག་གླེང་གིན་ཡོད། ཁྱེད་ཚོའི་སྐྱོ་གདུང་ཤེས་བསྡད་ཡོད། ཁྱེད་ཚོའི་བཀའ་དྲིན་བརྗེད་མྱོང་མེད། ཟེར་ནས་ཨམ་གཙིགས་བསྡམས་ཏེ་དགྲ་བོ་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་ནས་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་ཡིན་”ཞེས་འཁོད་འདུག

ཁོང་གིས་འདི་ལོའི་ལས་འགུལ་སྐབས་དམིགས་སུ་བཀལ་ནས་དགོས་འདུན་བཏོན་པ་ནི། རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་དང་དྷི་ལྷ་ལྡན་གཉིས་གློད་གྲོལ་ཡོང་དགོས་པ་དེ་ཡིན་པ་དང་། གསལ་བསྒྲགས་ནང་འཁོད་དོན། “ཁོང་གཉིས་དོན་མེད་འཛིན་བཟུང་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ངེས་པར་དུ་གློད་གྲོལ་གཏོང་དགོས། ཁོང་གཉིས་ནི་མང་གཙོ་དང་རང་དབང་གི་མགྲིན་ཚབ་པ་ཡིན་ལ། བོད་མི་རིགས་ཀྱི་བསམ་བློའི་དར་ཆ་དང་། སྙིང་སྟོབས་ཀྱི་བླ་སྲོག་ཡང་ཡིན། གལ་དེ་ང་ཚོས་ཁོང་གཉིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་བཙོན་དུང་དེ་ལས་སྐྱོབ་མ་ཐུབ་ན་སྐབས་དེར་ང་ཚོ་ནི་བྲན་གཡོག་སྡར་མ་ཞིག་ཏུ་འགྱུར་ཟིན་པ་མཚོན་ལ།  དཔའ་མཛངས་དང་རྟུལ་ཕོད་ལྡན་པའི་རླབས་ཆེན་གྱི་མེས་པོ་ཚོའི་མདུན་ནས་ང་ཚོ་ནི་ངོ་ཚ་ཁ་སྐྱེངས་ཞིག་ཏུ་གྱུར་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་ནམ་ནམ་ཞར་ཞར་ལ་བོད་ཀྱི་རླབས་ཆེན་མི་སྣ་དག་གི་ཚེ་སྲོག་ལ་རྒོལ་གྱིན་ཡོད་པ་ནི་རྒྱུན་ལྡན་རེད། ད་ཐེངས་ཡང་ཁོང་གཉིས་ལ་ནག་ཉེས་གང་ཡང་མེད་པར་ཅིག་བྱས་སོང་མདོག་མདོག་གིས་གཡོ་སྒྱུ་སྣ་ཚོགས་ཀྱིས་བཙོན་དུ་བཅུག་པ་དེ་ནི་རླབས་ཆེན་གྱི་བོད་མི་རིགས་ཀྱི་བློ་འབྱེད་ལས་འགུལ་བ་གཉིས་མེད་པ་བཟོ་འདོད་ཁོ་ན་ལས་གཞན་གང་ཡང་མིན་པ་གསལ་པོ་རེད་”ཅེས་འཁོད་འདུག

བསྟན་པ་དར་རྒྱས་མུ་མཐུད་བརྗོད་དོན། “རང་དབང་དང་མང་གཙོ་ལ་དགའ་བའི་སྤུན་ཟླ་རྣམ་པ། རྒྱལ་ཁབ་དང་རང་དབང་གི་ཆེད་དུ་ཚེ་སྲོག་གཏའ་མར་འཇོག་མ་ཐུབ་ན། རུལ་སུངས་སྲིད་གཞུང་ངམ་ཡང་ན་སྒེར་གཅོད་རིང་ལུགས་པའི་སྲིད་གཞུང་ཞིག་གི་མདུན་ནས་མང་གཙོ་དང་རང་དབང་གི་ཀི་སྒྲ་སྒྲོག་ག་ལ་ཕོད། རང་དབང་དང་མང་གཙོ། ཞི་བདེ་དང་བདེན་དོན་གྱི་ཆེད་དུ་བློས་གཏོང་གནང་མཁན་སུ་དང་སུ་ཡིན་རུང་། དེ་ནི་ང་ཚོའི་མགྲིན་ཚབ་པ་ངོ་མ་དེ་མ་ཡིན་ནམ། ས་སྒང་ཧྲིལ་པོ་འདིའི་སྟེང་གི་འགྲོ་བ་མིའི་རང་དབང་དང་མང་གཙོ། ཞི་བདེ་དང་བདེན་དོན་གྱི་ཆེད་དུ་འབོད་སྒྲ་སྒྲོག་མཁན་གྱི་དཔའ་པོ་དཔའ་མོ་དག་ནི་ནམ་ཡང་ང་ཚོའི་མིག་ལམ་ནས་དོར་མི་ཉན།  ང་ཚོས་དཔུང་པ་མཉམ་དུ་གཤིབས་ཏེ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་སྲིད་གཞུང་སྒེར་གཅོད་རང་ལུགས་པ་དག་གི་ལག་ནས་རང་དབང་དང་མང་གཙོ་ཡི་མགྲིན་ཚབ་པ་དེ་ཚོ་ངེས་པར་དུ་སྐྱོབ་དགོས།  སྤྱིར་ང་ཚོ་ལ་མཚོན་ན་རང་དབང་གི་ཆེད་དུ་རང་དབང་ཤོར་སོང་བའི་དཔའ་རྒོད་ཚོའི་སྡོངས་གྲོགས་ངོ་མ་དེ་ངེས་པར་དུ་ཡིན་དགོས་”ཞེས་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་རྒྱ་གར་དུ་སྐྱབས་བཅོལ་ལ་བསླེབས་ནས། ཕྱི་ལོ་༢༠༡༤ ལོར་བོད་ཀྱི་རྒྱལ་ས་གཉིས་པ་རུ་གྲགས་པའི་དྷ་རམ་ས་ལའི་༧རྒྱལ་བའི་ཕོ་བྲང་གི་འཁྲིས་སུ་ཡོད་པའི་བོད་ཀྱི་ཆོལ་གསུམ་དཔའ་པོ་དཔའ་མོའི་རྗེས་དྲན་རྡོ་རིང་གི་འགྲམ་དུ་“བོད་གཞིས་བྱེས་མཉམ་འཛོམ་མ་བྱུང་ན་ངས་ལོ་མི་སར”ཞེས་དམ་བཅའ་བཞག་སྟེ། ཉིན་དེར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། དེ་ནས་ཨོ་སི་ཁྲི་ལེ་ཡར་སོང་ནས། ལོ་ལྟར་ལས་འགུལ་འདྲ་མིན་སྤེལ་ཏེ་ཨོ་གླིང་གི་མངའ་སྡེ་མ་འདྲ་བ་དྲུག་དང་གྲོང་ཁྱེར་ཆེ་ཆུང་བདུན་གྱི་ནང་ལ་སྤེལ་བ་དང་།  ད་ཐེངས་ལས་འགུལ་ཐེངས་དགུ་པ་དེ་ནུབ་ཨོ་གླིང་གི་ས་ཁུལ་ཨལ་བྷན་ནེ་(Albany) ཡ་ནས་འགོ་འཛུགས་ཀྱིས་ནུབ་ཨོ་གླིང་གི་རྒྱལ་ས་ལྟེ་བ་ཕིར་ཐི་ (Perth) བར་དུ་ལེ་དབར་༥༠༠ ལྷག་ལ་རྐང་འཁོར་སྐོར་བསྐྱོད་བྱེད་བཞིན་འདུག

ཉིན་མོ་འདི་ནི་ཁོང་དང་རོགས་པ་གཞན་གཉིས་ཀྱིས་རྒྱ་གར་ཀྱི་རྒྱལ་ས་ལྡི་ལི་ནས་རྡ་རམ་ས་ལ་བར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་ལོ་བཅུ་འཁོར་བའི་ཉིན་མོ་ཡང་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།