བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བར་ཕྱི་ནང་གཉིས་ཀྱི་དཀའ་ངལ་ཡོད་པ་རེད།

ཟླ་འདིའི་ཚེས་༢༡ ཉིན་སྟེ་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དབང་བསྒྱུར་དང་ཆབ་སྲིད་དཔལ་འབྱོར་གྱི་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པའི་སྐོར་ལ་མཁས་པའི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

DSC_0026-copyཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་གསུང་བཤད་གནང་དོན། “སྐད་ཡིག་ཉམས་ཆག་འགྲོ་བ་དེ་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་རེད། ཕྱིའི་རྒྱུ་རྐྱེན་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཐོག་དབང་བསྒྱུར་དང་། བཙན་ཤུགས། ཁྲིམས་དེ་འདྲའི་ཐོག་བེད་སྤྱོད་བཏང་ཆོག་མིན། མཐུན་རྐྱེན་སྦྱར་མིན། དཔལ་འབྱོར་གྱི་གནས་སྟངས། སྤྱི་ཚོགས་མཉམ་འདུས་ཀྱི་ཁོར་ཡུག་ཡོད་མེད་ལ་ཐུག་ཡོད་རེད། བོད་ནང་ལྟ་བུ་ཡིན་ན་ཁྲིམས་ཐོག་ནས་དཀའ་ངལ་ཡོད་པ་རེད་”ཅེས་དང་། བོད་ནང་གི་སློབ་མ་ཚོས་སྐད་ཡིག་སྲུང་སྐྱོབ་དགོས་པའི་ངོ་རྒོལ་དང་། རང་ལུས་མེར་སྲེག་གི་ངོ་རྒོལ་གནང་མཁན་སྐད་ཡིག་གི་རང་དབང་དགོས་པའི་དཔའ་རྟགས་སྟོན་མཁན་ཚོ་མ་བརྗེད་པ་བྱེད་དགོས་སྐོར་གསུངས་སོང་།
སྐད་ཡིག་ཉམས་ཆག་འགྲོ་བ་ནང་གི་རྒྱུ་རྐྱེན་སྐོར་གསུང་དོན། “བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོར་རང་དབང་རེད། ཅིག་བྱས་ན་སོ་སོས་མཐོང་ཆུང་དང་། ཁ་ཤས་ཀྱིས་སྣང་མེད་དུ་སོང་ནས། བེད་སྤྱོད་མ་བཏང་བ་ཡོང་གི་ཡོད་པ་རེད། བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བར་ཕྱི་ནང་གཉིས་ཀྱི་དཀའ་ངལ་ཡོད་པ་རེད་”ཅེས་བོད་པ་བོད་པའི་བར་དུ་སྐད་བརྡ་མ་འཕྲོད་པ་ཆགས་ཀྱི་ཡོད་པས། ཚང་མས་དོ་སྣང་བྱེད་དགོས་སྐོར་དང་། ཕྱི་རྒྱལ་ཁག་ཏུ་བོད་ཡིག་སྦྱང་རྒྱུར་ཁོར་ཡུག་གི་དཀའ་ངལ་ཡོད་སྐོར་གསུངས་སོང་།

དེ་བཞིན་ཤེས་རིག་བཀའ་བློན་གྱིས་བོད་ཀྱི་སྐད་ཡིག་གི་ཉེན་ཁ་ཤེས་རྟོགས་བྱུང་ནས། ཡར་རྒྱས་གཏོང་ཐབས་སུ་སྐད་ཡིག་ཚོར་བ་ཞིག་བསྐྲུན་རྒྱུར་བོད་སྐད་གཙང་མ་རྒྱག་རྒྱུའི་དམ་བཅའ་ལས་འགུལ་སྤེལ་རྒྱུ་དང་། བོད་ཀྱི་སྐད་ཡིག་ཐོག་ནས་སྦྱོང་བརྡར་དང་སློབ་གསོ་སྤྲོད་རྒྱུ། དེང་རབས་ཀྱི་སྐད་ཡིག་ལ་སྒྱུར་ཐབས་སོགས་བྱེད་དགོས་སྐོར། གཞོན་ལྷན་དང་བུད་མེད་ལྷན་ཚོགས་སོགས་ཚོགས་པ་སྐྱིད་སྡུག་ཁག་གིས་ལས་འགུལ་སྤེལ་ཐབས། བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཐབས་སོགས་དགོས་སྐོར། བོད་ནང་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་ལས་འགུལ་མང་པོ་སྤེལ་གྱི་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཤེས་ཡོན་སྲིད་ཇུས་གཙོ་བོར་བཟུང་ནས་ཡར་རྒྱས་གཏོང་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་ཆོས་དེ་ཕྱི་རྒྱལ་མི་སྦྱོང་མཁན་མང་པོ་ཡོད་པས། ཉམས་ཆག་ཏུ་འགྲོ་རྒྱུ་མིན་ནའང་། བོད་པའི་སྐད་ཡིག་ཐོག་ནས་ཉམས་ཆག་འགྲོ་ཉེན་ཡོད་པོ་དང་། ཕྱི་རྒྱལ་མི་ཚོས་ནང་ཆོས་སོ་སོའི་སྐད་ཡིག་ཐོག་ནས་སྦྱོང་པ་ལས། བོད་ཀྱི་སྐད་ཡིག་སྦྱོང་མཁན་མང་པོ་མེད་སྐོར་གསུངས་སོང་།
གོ་སྒྲིག་པས་བགྲོ་གླེང་ཚོགས་འདུ་དེ་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་གནང་བའི་ནང་འཁོད་དོན། “འཛམ་གླིང་ཡོངས་ལ་ཕྱི་ལོ་༢༠༠༠ ནས་བཟུང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་དང་། དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཡོངས་ལ་མི་རིགས་སོ་སོའི་ཕ་སྐད་ཡོད་དོ་ཅོག་གལ་གནད་ཆེན་པོ་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། སྲུང་སྐྱོབ། དར་སྤེལ་གཏོང་རྒྱུ་སོགས་ཡིན། སྐད་ཡིག་ཚང་མ་རྒྱུ་རྐྱེན་སྣ་ཚོགས་རྐྱེན་པས་འགྱུར་ལྡོག་འགྲོ་བཞིན་པ་དང་། གོ་ལ་གཅིག་འགྱུར་གྱི་མྱུར་ཚད་མགྱོགས་པའི་རྐྱེན་གྱིས་ཁྱབ་ཤུགས་ཆེ་བའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་ཉམས་རྒུད་དང་འཚོ་གནས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད། མིག་སྔར་དུ་འཛམ་གླིང་སྐད་ཡིག་གྲངས་འབོར་༧༠༠༠ ཙམ་ཡོད་ཁོངས་ནས་བརྒྱ་ཆ་ལྔ་བཅུ་ཙམ་ཕྱི་ལོ་བརྒྱ་ཕྲག་འདིའི་མཇུག་ཏུ་རྩ་བརླག་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། དེའི་ནང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འདྲ་མིན་ཡོད་པ་རྣམས་ཀྱི་བརྒྱ་ཆ་༤༠ ཙམ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁར་སླེབས་ཡོད། འཛམ་གླིང་གི་སྐད་ཡིག་དེ་དག་གི་གནས་སྟངས་ཇི་ཆགས་གོ་རྟོགས་སྤེལ་རྒྱུ་དང་། དེ་ལ་ཕན་པའི་ལས་འགུལ་སྤེལ་རྒྱུ་ནི་སྤྱི་ཚོགས་སྤྱི་དང་ལྷག་པར་མི་རིགས་སོ་སོའི་ལས་འགན་ངོ་ཤེས་དང་ཐོབ་ཐང་བེད་སྤྱོད་དགོས་པ་ཡིན་”ཞེས་འཁོད་འདུག

བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་འཁོད་དོན། “བོད་ཀྱི་སྐད་ཡིག་ནི་ཕྱུག་པ་དང་འཛམ་གླིང་ཡོངས་ལ་ཕན་ཐོགས་ཆེ་བའི་སྐད་ཡིག་གཅིག་ཡིན་ཡང། དབང་བསྒྱུར་དང་ཆབ་སྲིད་དཔལ་འབྱོར་གྱི་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་འདྲ་མཉམ་མི་སྤྱོད་པར་བརྟེན་ཉམས་རྒུད་འགྲོ་བཞིན་ཡོད། ཕྱི་ལོ་༢༠༠༧ ཟླ་༡ ཚེས་༧ ཉིན་མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་མཆོག་གི་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་འཕྲིན་ཡིག་དང་། ཕྱི་ལོ་༢༠༡༢ ཟླ་༡༢ ནང་འཛམ་གླིང་ཡོངས་ནས་བོད་རིག་པའི་མཁས་དབང་དགུ་བཅུ་ཙམ་གྱི་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་བཞེས་ལ་ཉེ་བའི་ཞིས་ཅིན་ཕིང་ལ་ཕུལ་བའི་སྙན་ཞུ་དང་། ཕྱི་ལོ་༢༠༡༠།༢༠༡༢ ནང་བོད་ནང་གི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཐོབ་ཐང་དང་རང་དབང་སླད་སྤེལ་བའི་ལས་འགུལ་ཆེན་མོ། བོད་རིགས་ན་གཞོན་འགས་བོད་ཀྱི་སྐད་ཡིག་ལ་ཐོབ་ཐང་དང་རང་དབང་མེད་པའི་གནས་སྟངས་ལ་མི་བཟོད་པར་རང་གི་གཅེས་པའི་སྲོག་ཀྱང་བློས་གཏོང་གིས་བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཡིད་སྐྱོ་ཛ་དྲག་གི་གནས་སུ་ཡོད་པ་མངོན་ཡོད་”ཅེས་འཁོད་འདུག

“བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་ཞུས་པའི་<<རྒྱལ་སྤྱིའི་ཕ་སྐད་ཉིན་མོར་བོད་ཀྱི་སྐད་ཡིག་གླེང་བ་>> ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་སྐད་ཡིག་གིས་བོད་དང་བོད་མིའི་ཆོས་དང་རིག་གཞུང་གོང་འཕེལ་དང་ཆིག་སྒྲིལ་རྒྱ་ནག་བོད་ནང་བཙན་འཛུལ་རྗེས་བོད་ཀྱི་སྐད་ཡིག་ལ་འཕྲད་བཞིན་པའི་དཀའ་ཉེན་ངོས་འཛིན་ཐུབ་ཐབས་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་ཐབས་བཅས་དམིགས་སུ་བཟུང་ཡོད་ཅེས་བགྲོ་གླེང་གོ་སྒྲིག་པས་འགྲེལ་བརྗོད་བྱས་འདུག

ཉིན་དེའི་བགྲོ་གླེང་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དུས་རབས་ཀྱི་ལོ་དུས་མི་འདྲ་བར་ཐ་སྙད་དང་བརྡ་སྤྲོད་བེད་སྤྱོད་བྱེད་ཕྱོགས་སྐོར་གསུང་བཤད་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཁས་དབང་ར་རྡོ་བློ་བཟང་བསྟན་འཛིན་གྱིས་ལུང་ཚན་བྱེ་བྲག་པའི་ཕལ་སྐད་གཙོར་འདོན་གྱི་ཡིག་སྲོལ་དར་འཕེལ་བྱུང་ཚེ་རྩ་བའི་བོད་ཡིག་ལ་དགེ་སྐྱོན་ཇི་འབྱུང་གི་བསམ་ཚུལ་ཐོག་གསུང་བཤད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་གིས་བོད་ཀྱི་སྐད་ཡིག་གི་ད་ལྟའི་ཉག་ཕྲ་བའི་གནས་སྟངས་དང་དེའི་རྒྱུ་རྐྱེན་དང་སླར་གསོ་ཐབས་ལམ་གང་ཡོད་བཅས་ཀྱི་སྐོར་གསུང་བཤད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་བརྡ་འཕྲིན་འཕྲུལ་ལས་ཀྱི་དུས་དང་མཉམ་པའི་བོད་ཡིག་གི་མདུན་སྐྱོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་གྱིས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར་གསུང་བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་པདྨས་བོད་ནང་གི་བོད་ཀྱི་སྐད་ཡིག་སྲིད་བྱུས་སྐོར་གསུང་བཤད། བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་གྱིས་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།