བོད་ཀྱི་སྨན་པ་ཚོ་རྒྱལ་སྤྱིའི་སྟེང་ཆས་དགོས་པའི་དུས་ལ་བབས་པ།
བོན་རྒྱ་བསྟན་འཛིན་རབ་རྒྱས།
༸གོང་ས་རྒྱལ་བ་རིན་པོ་ཆེས།“ཐོག་མར་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ནས་བཟུང་།ངོས་ཀྱིས་འཛམ་གླིང་སྤྱི་དང་རྒྱ་རིགས་མཆེད་གྲོགས་ཕོ་མོ་ཀུན་གྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད། ད་ཆ་ནད་འབུ་འདིའི་ཉེན་ཁ་ལས་གྲོལ་བ་སུ་ཡང་མེད་པ་གཅིག་མཚུངས་རེད། ཚང་མས་རང་གི་དགའ་ཉེ་རིགས་ལ་སེམས་ཁྲལ་དང་། དེ་བཞིན་ཁྱིམ་ཚང་སྒེར་དང་། གོ་ལ་ཧྲིལ་པོའི་མ་འོངས་དཔལ་འབྱོར་མདུན་ལམ་ལའང་བློ་འཚབ་བྱེད་བཞིན་ཡོད།འོན་ཀྱང་། དེ་ལ་སྨོན་ལམ་རྐྱང་བས་འགྲིག་ཐབས་མེད། རང་རེ་ཚང་མས་རང་ནུས་གང་ལྕོགས་ཀྱིས་སེམས་ཁུར་ལེན་དགོས་པ་དཀའ་ངལ་འདིས་གསལ་སྟོན་བྱས་ཡོད།”ཅེས་གསུངས།
ཁ་སང་༸གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་གནང་ཡོད། འདི་ནི་ཁོང་གི་འཇིག་རྟེན་ཀུན་ཁྱབ་དགོངས་བཞེད་ཀྱི་ཆ་ཤས་སུ་གཏོགས་ཤིང་། ཀུན་ཁྱབ་དགོངས་གཞི་དངོས་སུ་ཉམས་ལེན་གནང་བར་འབོད་པ་བཏང་བ་ཞིག་ཀྱང་རེད། སྨོན་ལམ་ཆར་གཏོགས་ཀྱི་ཀུན་ཁྱབ་དགོངས་གཞི་དང་ལག་ལེན་ཆར་གཏོགས་ཀྱི་ཀུན་ཁྱབ་དགོངས་གཞི་ལས་ཕྱི་མ་གཙོ་བ་ལམ་སྟོན་དུ་མཛད་པ་ཞིག་ཀྱང་རེད། སྤྱིར་ང་ཚོ་བོད་མི་རིགས་འདི་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དུ་གསོན་ཞིང་༸གོང་ས་མཆོག་ཀྱང་འུ་ཚོའི་བསོད་ནམས་ཀྱི་དཔལ་དུ་བཞད་པའི་ལྷ་སྐལ་ཡིན། ༸གོང་ས་མཆོག་གི་ཞལ་སྔ་ནས་ཀྱང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་ཆེད་ཁོང་གི་མཚན་གནས་བེད་སྤྱོད་གཏོང་རོགས། ཞེས་ལན་གྲངས་དུ་མར་བཀའ་གནང་ཡོད། ང་ཚོའི་ཆོས་དང་རིག་གཞུང་། འཛིན་སྐྱོང་སྡེ་ཁག ཐ་ན་མི་སྒེར་རེ་རེའི་སྐྱབས་བཅོལ་ཡིག་ཆ་དང་བཅས་༸གོང་ས་མཆོག་གི་མཚན་གནས་ལ་བསྙེས་མེད་པ་གཅིག་ཀྱང་མེད། ཡིན་ནའང་། ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་མཚན་གནས་བེད་སྤྱོད་ཞུས་པ་ལས་རང་རང་དཀར་འདོན་སོགས་ཀྱི་ཆེད་བེད་སྤྱད་ཞུས་པ་ཧ་ཅང་མང་བ་མ་ཟད་ཐ་ན་བཀའ་སློབ་ལོག་འགྲེལ་ལ་ཞུགས་པའང་ཡོད།
ལྷག་པར་༸གོང་ས་མཆོག་གིས།བོད་སྨན་འདི་ཚན་རིག་དང་མཐུན་པ་དང་། ཞིབ་འཇུག་གི་རིན་ཐང་ཡོད་པ།དུས་རབས་དང་བསྟུན་ནས་ཡར་རྒྱས་སུ་གཏོང་དགོས་པའི་བཀའ་སློབ་བསྟུད་མར་ཕེབས་ཤིང་། བོད་ཀྱི་དགེ་འཕེལ་རི་བོའི་སྟེང་གི་ཨུཏྤལ་དང་རྒྱ་གར་གྱི་ཆུ་ནང་གི་ཨུཏྤལ་གཉིས་མིང་འདྲ་ཡང་ངོ་བོ་དང་ནུས་པ་མི་འདྲ་བ་སོགས་སྔོ་སྨན་ངོས་འཛིན་གནང་ཐབས་ཚུན་ཆད་ཚན་རིག་དང་ཞིབ་འཇུག་གི་རིན་ཐང་ལྡན་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད། གང་ལྟར་རྒྱ་ནད་ཀྱིས་གོ་ལ་བསྣུབས་ལ་ཉེ་བའི་སྐབས་འདིར། ཁོང་གི་མཚན་གནས་དང་འབྲེལ་ཏེ་བོད་ཀྱི་སྨན་པ་ཚོ་ལམ་དུ་ཆས་ཐུབ་ན། ཏན་ཏན་ཚེ་སྲོག་གྲངས་མེད་ཅིག་སྐྱོབ་ཐུབ་པ་མ་ཟད། རྒྱལ་བའི་དགོངས་བཞེད་ཀུན་ཁྱབ་དགོངས་གཞི་ལག་ལེན་དང་། བོད་ཀྱི་གསོ་བ་རིག་པའི་འཕྲིན་ལས་དར་སྤེལ་ལའང་ནུས་པ་ངེས་ཅན་ཞིག་འདོན་ཐུབ་རྒྱུ་ཡིན།
དེའི་ཕྱིར།༸སྐུའི་བླ་སྨན་གྱི་མཚན་གནས་ཁུར་བའི་སྣེ་ཁྲིད་ཚོགས་ཆུང་ཞིག་ནུབ་ཕྱོགས་ཀྱི་ནད་ཡམས་རྩུབ་ས་དག་ལ་ལམ་དུ་ཆས་ཐུབ་ན། ཏན་ཏན་ཚེ་སྲོག་གྲངས་མེད་ཅིག་གི་དཔུང་རོགས་སུ་ལངས་ཐུབ་པ་མ་ཟད། རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་སྤེལ་གྱི་ལས་དོན་ཡང་ཞར་ལ་འགྲུབ་རྒྱུ་ཡིན། འུ་ཚོས་ཐེ་ཝན་ལ་དཔེ་བླངས་ནའང་འགྲིག་པར་འདོད་དེ།ཐེ་ཝན་གྱིས་གནད་འགག་གི་སྐབས་འདིར་ནུས་པ་ཡོད་རྒུས་རང་སྲུང་དང་། རྒྱལ་སྤྱིའི་སྟེང་དུ་ཁ་ཐུམ་མངགས་པ་དེས་ཉིན་རེ་བཞིན་ཐེ་ཝན་གྱི་མཚན་མཐོང་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་གནས་བབ་དང་བོད་དོན་འཐབ་རྩོད་ཀྱི་གནས་བབ་གཉིས་ཀའི་ཆེད་འབད་བརྩོན་བྱེད་དགོས་པ་ཅི་བས་གལ་ཆེ་བ་ཡིན།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་ནང་དུ། བོད་སྨན་ལ་ཁྲིམས་མཐུན་གྱི་སྨན་དུ་ངོས་འཛིན་མེད་པ་དང་། བོད་སྨན་ལ་བདག་པོ་རྒྱག་པའི་རྒྱལ་ཁབ་མེད་པ་དེས་བོད་སྨན་གྱི་འཕྲིན་ལས་ལའང་ཚད་བཀག་བྱས་ཡོད། ཡིན་ནའང་།གནད་འགག་གི་སྐབས་སུ་དེ་འབྲེལ་གྱི་གོ་སྐབས་བརྩོན་ལེན་བྱས་ན། འབྲས་བུ་འབྱུང་བར་རེ་བ་ཆེ་བས་ངས་དེ་ལུགས་ཀྱི་བརྩོན་ལེན་བྱེད་ཐབས་འགའ་གྲོས་གཞིར་འབུལ་འདོད་བྱུང་།
སྐབས་འདིར་བོད་སྨན་རྒྱལ་སྤྱིའི་སྡིངས་ཆ་བརྒྱུད་པ་ལ་༸གོང་ས་མཆོག་གི་མཚན་གནས་བརྒྱུད་པ་ལས་ཐབས་གཞན་མེད། བོད་སྨན་འདི་བཞིན་སྨན་དུ་ལྟ་ཅི་ལུས་ཟུངས་གསོ་བྱེད་ཙམ་དུའང་ངོས་ལེན་བྱས་མེད་པས། སྨན་པ་རེ་ཟུང་གིས་རང་གི་སྒེར་གྱི་ནད་པ་བརྒྱ་ཤོག་འགའ་རེ་སྐྱབས་ཀྱང་མི་སྒེར་གྱི་འཕྲོད་བསྟེན་དང་། གཟུགས་གཞིའི་ཕན་ནུས་ལས་རང་འགུལ་གྱིས་ནད་ལས་གྲོལ་བ་ཙམ་ལས་གཞན་དུ་ངོས་འཛིན་བྱེད་དཀའ་བ་ཡིན། རྒྱ་གར་དུ་བོད་ཀྱི་སྨན་རྩིས་ཁང་དང་དེར་ཡན་ལག་སྨན་ཁང་བཞི་བཅུ་ཞེ་གྲངས་བཙུགས་ཡོད་པ་དེ་དག་གིས། རྒྱ་གར་བ་ནད་པ་ས་ཡ་མང་པོར་སྨན་བཅོས་ཞུས་དང་ཞུ་བཞིན་ཡོད་མོད། རྒྱ་གར་གྱིས་ཚེ་ཡི་རིག་བྱེད་ཙམ་གྱི་རིག་གནས་ཤིག་ལས་ངོས་འཛིན་བྱས་མེད། ད་རེ་སྨན་རྩིས་ཁང་གིས་སྔ་ས་ནས་སྙན་ཞུ་བརྒྱབ་འདུག་མོད་གྲགས་འགུལ་མེད་པ་ནི་མཆོག་མཆན་མ་ཐོབ་པ་ཡིན་སྙམ།
ཡང་རྒྱལ་སྤྱིའི་སྟེང་དུ་བོད་སྨན་དང་འབྲེལ་བའི་ཚོགས་པ་འགའ་རེ་ཡོད་པ་དང་། སྨན་རྩིས་ཁང་ལྟ་བུས་ཞིབ་འཇུག་རང་བཞིན་ཅན་གྱི་སྨན་བཅོས་བྱས་ནས་ནད་པ་བརྒྱ་ཚོ་འགའ་རེ་ནད་ལས་གྲོལ་བཅུག་ནའང་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་པའི་ཞིབ་འཇུག་གི་རྒྱུ་ཆ་ཆགས་ཐུབ་མེད། དེར་བརྟེན། སྐབས་འདིར་ཡང་ང་ཚོའི་མགོན་དང་སྐྱོབ་པ་བླ་ན་མེད་པ་རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་ཏེ་བརྩོན་ལེན་བྱེད་རྒྱུ་ལས་ཐབས་གཞན་མེད་པར་འདོད། ༸གོང་ས་མཆོག་དང་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཤུགས་རྐྱེན་ནི་རྒྱལ་ཁབ་ཅིག་གི་ཤུགས་རྐྱེན་ལས་ཀྱང་ཆེས་ཆེར་རབ་ཏུ་བརྒལ་བ་ཞིག་ཡིན་པ་ནི། ཁ་སང་ཨ་རིའི་དུས་བབ་ཚགས་པར་ངོས་སུ་གསུང་འཕྲིན་བསྩལ་བ་དེ་གཅིག་པུའི་འཕྲིན་ལས་ལ་སྤྱི་བསྡོམས་ཤིག་བྱས་ནའང་གསལ་རྟོགས་ཐུབ་པ་ཡིན།
བོད་སྨན་ནི་ལུས་ཟུངས་གསོ་བྱེད་ཙམ་མིན་པར་ལུས་སེམས་གཉིས་ཀ་གསོ་བྱེད་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་པས། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་འཕྲོ་སྲིད་མོད།གཅིག་བྱས་ན།ཀྲུང་གོའི་གསོ་རིག་གི་མིང་ཐོག་ནས་རྒྱལ་སྤྱིར་འགྲིམས་མི་སྲིད་པའང་མིན་ཏེ།རྒྱ་ནག་གི་རྒྱ་ནད་ཀྱི་སྨན་པ་གཙོ་བོ་ཀྲུང་ནན་ཧྲན་གྱིས་ཉེ་བའི་ཆར་བོད་སྨན་ལ་གདེང་འཇོག་དང་དར་སྤེལ་དགོས་སྐོར་ཤུགས་ཆེན་པོས་བཤད་ཡོད་པས། ཁོ་ནི་སྤྱིར་བཏང་གི་སྨན་པ་ཙམ་མིན་པར་རྒྱ་དམར་སྲིད་གཞུང་གི་སྨྲ་ལྕེ་ཡང་ཡིན་པ་འུ་ཚོར་གསལ་པོར་གྱུར་ཡོད། རྒྱ་ནག་གིས་བོད་ཀྱི་ནང་ཆོས་ཀྱི་ཁ་གཏད་དུ་ཁུང་ཙི་ཁྱབ་སྤེལ་བྱས་མོད་ལེགས་འགྲུབ་མ་བྱུང་བའི་རྗེས་སུ། ནང་ཆོས་ཀྱང་ཀྲུང་གོའི་རིག་གནས་ཤིག་ཡིན་རབས་ཀྱི་གཏམ་འཆལ་རྒྱལ་སྤྱིར་སྤེལ་མགོ་བཙུགས་ཡོད། དེ་བཞིན་བོད་ཀྱི་གསོ་བ་རིག་པ་འདི་ཡང་རྒྱ་ནག་གི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་ཟློས་གར་འཁྲབ་སྟོན་གྱི་མགོ་ཚུགས་ཡོད། དེ་ནི་ང་ཚོས་ཉེ་བའི་ལོ་ཁ་ཤས་རིང་རྣམ་པ་མི་འདྲ་བ་བྱས་ཏེ་བོད་ཀྱི་གསོ་རིག་འདི་བཞིན་རྒྱའི་རིག་གནས་ཀྱི་ཆ་ཤས་ཡིན་པར་འབད་དེ་རྒྱལ་སྤྱིའི་ཚོགས་འདུ་ལྟ་བུ་ཚོགས་ཀྱི་ཡོད་པ་ལས་ཤེས་ཐུབ།འདིའི་སྐོར་ལ་བོད་ཀྱི་སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས་རིམ་པའང་སྤེལ་ཡོད། ད་དུང་ངས་དྲན་སྐུལ་ཞིག་བྱེད། རྒྱ་གར་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་ཨེན་ཙམ་གྱིས་ལ་དྭགས་ཀྱི་ཚེ་ཡི་རིག་བྱེད་ལ་གྱུར་པ་མི་དྲན་ནམ།ཕྱོགས་ངོས་དེ་འདྲ་ནས་དཔགས་ནའང་ང་ཚོའི་སྒྲིག་འཛུགས་དང་བཅས་པས་ད་རེས་གོ་སྐབས་འདི་མ་ཤོར་བར་འབད་དགོས་པ་སྨོས་ཅི་དགོས།
གནད་འགག་གི་སྐབས་འདིར། ༸གོང་ས་མཆོག་གི་མཚན་གནས་ཀྱི་འོག་ནས་སྨན་རྩིས་ཁང་གིས་སྣེ་ཁྲིད།སྒྲིག་འཛུགས་ཀྱིས་འབྲེལ་མཐུད་དང་མཐུན་རྐྱེན་སྦྱར་ནས་མཉམ་ལས་ཤིག་བྱེད་ཐུབ་པ་ཡིན་ན། “མ་ཚང་མེད་རྒྱུ་དེ་ལ་ནི།།འབྲས་བུ་གང་གིས་བཟློག་པར་བྱེད།།”ཅེས་གསུངས་པ་ལྟར། གྲུབ་འབྲས་ཐོན་པར་ཐེ་ཚོམ་ཅི་དགོས་སྙམ། དེ་བཞིན་གནད་འགག་གཅིག་ནི། ༸གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ཞུ་བ་ལ་ལེགས་འགྲུབ་ཀྱི་གདེང་ཚོད་དགོས་པ་དེ་རེད། བོད་ཀྱི་སྨན་པ་ཚོར་གདེང་ཚོད་གང་འཚམ་མེད་ན། ༸གོང་ས་མཆོག་གི་མཚན་གནས་ཀྱི་དར་ཆ་འཕྱར་ནས་རྒྱལ་སྤྱིར་འགྲིམ་རྒྱུ་དེའང་ཉེན་ཁ་ཞིག་ཡིན་མོད།གོ་ལ་ཧྲིལ་པོ་ཉེན་ཁའི་ནང་ལྷུང་ཡོད་པའི་སྐབས་འདིར།གང་དགའ་ཅི་དྲག་ལས་ཉེན་ཁ་ལ་འཛེམས་ནས་བསྡད་པས་གར་ཡང་མི་སླེབས་ཤིང་དཔའ་རྟགས་འཇོག་ཐབས་བྲལ་བ་ཡིན། རླབས་ཆེན་གྱི་ལས་དོན་དེ་བས་ཀྱང་སྒྲུབ་མི་ཐུབ། དེ་ལུགས་སྐུ་སྒེར་ལ་ནན་ཞུ་དང་ལམ་སྟོན་གཞི་རྩར་འཇོག་རྒྱུ་ཅི་བས་གལ་ཆེ་བའང་སྨྲས་མ་དགོས།
ཡིན་ནའང་། བོད་ཀྱི་སྨན་པ་ཚོས་ས་གནས་ལ་ལ་ནས་ནད་པ་ལ་ལར་ཕན་སོང་རབས་ཀྱི་སྒྲུང་རིང་སྒྲུང་ཐུང་བཅོ་བརྒྱད་ངོ་དེབ་དང་སྐད་འཕྲིན། བོད་ཀྱི་རླུང་འཕྲིན་བརྒྱུད་ལམ་ནས་ལྕེ་དམར་རྐན་ལ་བརྡབས་ན་ངར་སེ་འདུག་ཀྱང་། དོན་དངོས་ཀྱི་ཉེ་སར་བཅར་ནས་ཉན་པ་ན། ཁ་པར་གྱི་ལམ་ནས་ནད་པ་ལ་ནད་འདྲི་སྨན་སྟེར་ཙམ་ལས།ནད་པའི་ཉེ་སར་དངོས་སུ་བཅར་ནས་ནད་བརྟག་སྨན་སྦྱིན་བྱེད་མཁན་མ་བྱུང་བ་ལྟ་བུར་འདུག་སྟབས། གདེང་ཚོད་མེད་ན། དཔའ་བཤད་རྒྱག་མཚམས་ཀྱང་བཞག་ན་ཨེ་མི་དགའ་སྙམ་མོད། གདེང་ཚོད་ཡོད་ན། བོད་ཀྱི་སྨན་པའི་ལྷན་ཚོགས་སོགས་ཀྱིས་དྲ་ལམ་བརྒྱུད་གྲོས་བསྡུར་བྱས་ནས་གང་མགྱོགས་ལམ་ལ་ཆས་རན་འདུག་སྙམ།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་དང་པོ་མགོ་འཛུགས་སྟངས་ནི། མི་ན་བར་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པ་མཐའ་དག་གི་ཆེད་དུ། ཆོས་རྒྱལ་བཀའ་དྲིན་ཅན་སྐུ་དངོས་ཀྱིས་རྒྱལ་ཁབ་སོ་སོ་ནས་ཆེད་མཁས་གསོ་བྱེད་རིག་པ་བ་གདན་ཞུས་ཀྱིས་མགོ་བཙུགས་ཡོད། དེ་ནི་དེང་སང་གི་བཤད་སྟངས་ཀྱིས་བཤད་ན། རྒྱལ་སྤྱིའི་རང་བཞིན་ཅན་དུ་མགོ་འཛུགས་བྱས་ཡོད་པ་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་ཆོག་ཆོག་ཡིན་པར་སྙམ། “ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན།། སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ།། བདག་དང་གཞན་ལ་ཕན་པར་མི་ནུས་པས།། བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན།། བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་།། ག་ལེས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་།། ཧེད་ཝན་ཧད་དེ་ས་བདག་དབང་བསྐུར་བ།། འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས།།”ཞེས་པ་ལྟར། ཆོས་རྒྱལ་བཀའ་དྲིན་ཅན་སྲོང་བཙན་སྒམ་པོའི་སྐབས་སུ། རྒྱ་གར་སྨན་པ་བྷ་ར་དྷ་ཛ་དང་རྒྱ་ནག་སྨན་པ་ཧེན་ཝན་ཧན། སྟག་གཟིག་སྨན་པ་ག་ལེས་ནོས་བཅས་གདན་དྲངས་ནས་ནད་བཅོས་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཏེ། ༼མི་འཇིགས་པའི་མཚོན་ཆ་༽བམ་པོ་བདུན་གསར་རྩོམ་མཛད་ནས་རྒྱལ་བོ་ལ་ཕུལ་བར། རྒྱལ་བོས་བྱ་དགའ་བསྩལ་ནས་ཡུལ་སོ་སོར་མངགས་པ་དང་།། རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུའང་རྒྱ་གར་དང་། རྒྱ་ནག ཨ་རབ་བཅས་ཀྱི་གསོ་རིག་མཁས་པ་ལྷན་འཛོམས་ཀྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྨན་པའི་ཚོགས་ཆེན་འཚོགས་མྱོང་མོད། འུ་ཚོའི་དུས་སྐབས་སུ་གོ་སྐབས་གདོང་ལ་བསྣར་ཡང་མིག་བཙུམ་བསྡད་ན་མི་འགྲིག་པར་འདོད།
བོད་ཀྱི་གསོ་བ་རིག་པར་མཚོན་ན། ཟས་ཀྱི་སྒོ་ནས་ནད་བཅོས་བྱེད་སྟངས། སྤྱོད་ལམ་གྱི་སྒོ་ནས་གསོ་བཅོས་བྱེད་སྟངས།སྨན་གྱི་སྒོ་ནས་སྨན་བཅོས་བྱེད་སྟངས། རྫས་ཀྱི་སྒོ་ནས་བཅོས་ཐབས། སྔགས་ཀྱི་སྒོ་ནས་བཅོས་ཐབས་བཅས་རྒྱ་ཆེ་བ་ཞིག་ཡོད་མོད། སྤྱི་བཤད་ཙམ་གྱིས་མི་འགྲིག་པར་གསོ་སྟངས་གང་གིས་རིམས་ནད་འདི་ལ་ཕན་གྱི་ཡོད་མེད་དང་། དུས་ཚོད་གང་འདྲ་དགོས་མིན།གསོ་ལུགས་ཇི་ལྟར་ཡིན་མིན། ཕན་སྐྱེད་འབྱུང་སྟངས་དང་བཅས་པར་ཞིབ་འཇུག་གི་རིན་ཐང་ཡོད་པ་ཞིག་གནང་དགོས་བ་ཅི་བས་གལ་ཆེ་བ་སྟེ། བལྟ་རེག་དྲི་གསུམ་གྱིས་ངོས་འཛིན་གསལ་བ།ནད་ཁམས་རྒྱུས་ལོན་གྱི་གནས་བབ་གསལ་བ། ནད་གཞི་གསོ་བཅོས་ཀྱི་དཔེ་གཞི་ཡོད་པ་སོགས་ཚན་རིག་གི་བྱེད་ཐབས་ལ་སྙེག་པ་ཞིག་བྱུང་ན་ཏན་ཏན་རྒྱལ་སྤྱིའི་རང་བཞིན་གྱི་ངོས་ལེན་ཡོང་བར་ཕན་པ་ཡིན། དེ་མིན་ཕན་སོང་ཟེར་བ་ཙམ་དང་། དེ་འབྲེལ་གྱི་སྐད་ཆ་སྙན་པོ་བཤད་པ་ཙམ་གྱིས་རྔོ་མི་ཐོགས་པ་ཡིན་ཙ་ན། བདེན་དཔང་ཡིག་ཆ་སྤོག་སེར་རྒྱལ་སྤྱིའི་མིག་ལ་བཤམས་བརྒྱུད་རིམ་ངོ་མ་རྒྱལ་སྤྱིའི་རྣ་བར་བསྒྲགས་པ་ཡིན་ན། རྒྱ་ནག་ལྟ་བུ་སྲིད་གཞུང་ལོང་བ་དག་གིས་ངོས་ལེན་མི་བྱེད་པའི་དབང་དུ་བཏང་ནའང་། བདེན་པ་དང་གནས་ལུགས་གཙོ་བོར་བྱེད་པའི་མང་གཙོའི་སྒྲིག་འཛུགས་ཁག་གིས་ཏན་ཏན་ངོས་ལེན་བྱེད་ངེས་ཡིན། ཡང་ན། སྲིད་གཞུང་དག་གིས་ངོས་ལེན་མ་ཐུབ་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ནུས་སྟོབས་གསར་སྤེལ་ཐུབ་ན་དེའང་འུ་ཚོ་གངས་ཅན་པ་རུ་སྐྱེས་པའི་བུ་རྟགས་ཤིག་ཡིན།
ཡོངས་གྲགས་སུ་གཡུ་ཐོག་གིས་རྒྱ་གར་གཅིག་པུར་བླ་མ་བརྒྱ་རྩ་གཅིག་ལས་གདམས་ངག་ཞུས་ནས་ཕེབས་པའི་ལོ་རྒྱུས་ཡོད་པ་ལྟར། སྤྱིར་བཏང་གི་ནད་གཞི་དག་ལ་མན་ངག་གི་ཐབས་ལམ་བརྒྱུད་དགོས་དོན་མེད་ཀྱང་། རིམས་དང་འབྲེལ་བའི་ནད་ཡམས་ལ་རིགས་སྔགས་ཀྱི་ལྷ་སྒྲུབ་དགོས་པ་དང་། སྨན་སྒྲུབ་བྱེད་དགོས་པའི་རིགས་ཀྱང་ཏན་ཏན་ཡོད་ངེས་པས།རྒྱུད་བཞིར་ཚིག་འགྲེལ་འགྲོ་བ་ཙམ་ཞིག་གིས་ནད་ངན་འདི་ལ་ཁ་གཏོད་གཅོག་དཀའ་མོད་ཀྱང་།གཞུང་ལུགས་དང་ལག་ལེན་གཉིས་ཀར་མཁྱེན་པ་དང་ཉམས་མྱོང་རྒྱས་པའི་སྨན་པ་གསེར་གྱི་རི་བོ་ལྟ་བུ་རེ་འགའ་ཡོད་ངེས་པས། ཁོང་ཅག་ལ་ཀོ་རོ་ན་ནད་ཡམས་འདི་བཞིན་ཐལ་བར་གཏོང་བའི་གོ་སྐབས་ཤིག་ང་ཚོས་བརྩོན་ལེན་ཐུབ་དགོས་པར་སྙམ།
མདོར་ན། བོད་ཀྱི་སྨན་རྩིས་ཁང་གིས་སྣེ་ཁྲིད་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱབ་རོགས། བོད་ཀྱི་སྨན་པའི་ལྷན་ཚོགས་སོགས་ཚོགས་སྡེ་དང་སྨན་ཁང་ཁག་དང་མཁྱེན་མྱོང་གཉིས་ལྡན་གྱི་སྨན་པ་སྒེར་བ་དག་བཅས་མ་སྐུལ་དང་བས་ལས་འདིར་མཉམ་ཞུགས་གནང་སྟེ། རྒྱ་ནད་ལ་གདོང་ལེན་བྱེད་ཐབས་བཙལ་བ་ཡིན་ན། དཔའ་གདེང་ཞིག་རྙེད་པར་འདོད།དཔའ་གདེང་ཞིག་རྙེད་པ་ཡིན་ན། ལས་གཞི་སྒྲིགའཆར་གཞི་བཀོད།གོམ་པ་རྒྱག་སྟངས་གསལ་བ་ཞིག་བྱས་ཏེ། དེ་ལུགས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྙན་གསན་ཕུལ་ནས་སྟ་གོན་ལ་ཞུགས་པ་ཡིན་ན། ད་རེས་ང་ཚོས་རྒྱལ་སྤྱིའི་མང་ཚོགས་ལ་ཕན་གྲོགས་བྱེད་ཐུབ་ངེས་སུ་འདོད་པས། བོད་ཀྱི་སྨན་པ་ཚོ་ལམ་ལ་ཆས་རན་འདུག་ཅེས་ཞུ་བ་ཡིན་ལགས།
སྤྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༨ ཉིན།