བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ལོ་འཁོར་དུས་དེབ་གཉིས་འགྲེམས་སྤེལ་གནང་སོང་།

རྒྱ་ནག་གི་ལོ་རྒྱུས་སོགས་ལ་འགྲེལ་བརྗོད་ཀྱིས་འཁྱོག་བཤད་བྱེད་བཞིན་པ་དག་མ་འོངས་པར་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཡོད་པ་དང་། དཔྱད་རྩོམ་འབྲི་རྒྱུ་གལ་འགངས་ཆེ་བ་མ་ཟད། མ་འོངས་པ་ཡང་བོད་མི་ཚོས་དཔྱད་རྩོམ་གང་མང་འབྲི་བའི་སྐུལ་མ་དང་སྦྲགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དབྱིན་བོད་གཉིས་ཀྱི་ལོ་འཁོར་དུས་དེབ་གཉིས་འགྲེམས་སྤེལ་གནང་སོང་།

ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡།༠༠ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་ཡིག་དང་དབྱིན་ཡིག་གི་ལོ་འཁོར་དུས་དེབ་གསར་པ་གཉིས་འགྲེམས་སྤེལ་གནང་སོང་།

སྐབས་དེར་དུས་དེབ་རྩོམ་སྒྲིག་པ་འབུམ་རམས་པ་བློ་བཟང་ཐབས་མཁས་ཀྱིས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པའི་ཐོག་འབུམ་རམས་པ་ལྔ་དང་། འབུམ་རམས་པའི་སློབ་གཉེར་བ་བདུན། དེ་བཞིན་ཉམས་ཞིབ་པ་བཅས་ཁྱོན་དཔྱད་རྩོམ་༡༩ འབྱོར་ཡོད་ན་ཡང་། ནང་དོན་དང་དུས་ཚོད་ཀྱི་ཆ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ཀྱི་ཁ་ཕྱོགས་ལ་ཉེ་བ་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་རྣམས་ཀྱི་སློབ་གཉེར་དང་འབྲེལ་བའི་དགོས་མཁོར་དམིགས་ནས་དཔྱད་རྩོམ་བཅུ་གཉིས་བདམས་ནས་དུས་དེབ་ཐོག་བཀོད་ཡོད་ཅེས་དང་།

རྩོམ་སྒྲིག་བྱེད་སྐབས། བརྡ་དག་སོགས་སྤྱིའི་འགྲོ་སྟངས་གཙིགས་བཟུང་དང་ཚིག་སྦྱོར་སོར་བཞག་ལུང་འདྲེན་དང་ཞབས་མཆན་རྣམས་ཉམས་ཞིབ་པ་སོ་སོའི་འགོད་སྟངས་ཅུང་མི་འདྲ་བར་ཡོད་པ་རྣམས་ཐོག་མར་རྩོམ་པ་པོ་དང་། དེ་ནས་དེབ་ཀྱི་མཚན་བྱང་། དཔེ་སྐྲུན་ཁང་། ལོ་དུས་དང་ཤོག་ངོས་བཅས་རིམ་པར་བཀོད་དེ་གཅིག་གྱུར་ཡོང་ཐབས་བྱས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

ཐེངས་འདིའི་འགྲེམས་སྤེལ་བྱས་པའི་བོད་ཡིག་གི་དུས་དེབ་ནང་གི་བརྗོད་བྱ་ཁག་ནི། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཞང་ཞུང་། གསར་རྙེད་བྱུང་བའི་དབའ་བཞེས་ཀྱི་མ་ཕྱི་ངོ་སྤྲོད། ཡེ་ཤུ་ཆོས་སྤེལ་བ་ཞིག་གིས་བོད་ཡིག་ཐོག་བརྩམས་པའི་སྟོང་ཉིད་ཀྱི་ལྟ་བའི་དགག་ཡིག་ཐོག་མ། རྭ་བཤད་དོན་རྐྱེན་ལས་འཕྲོས་ཏེ་སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོས་བལ་ཡུལ་གྱི་བློན་ཆེན་འཇང་སྦ་ཐུར་ལ་དམག་རོགས་ཞུས་པའི་སྐོར་གླེང་བ། བོད་རྒྱལ་གནམ་གྱི་ཁྲི་བདུན་གྱིས་བཞེངས་པའི་གསས་ཁང་བདུན་གྱི་སྐོར་རགས་ཙམ་གླེང་བ། བོད་ཀྱི་ཆེས་ཐོག་མའི་བཅོས་སྒྲུང་རིང་མོ་ཇི་ལྟར་གསར་གཏོད་མཛད་པ་དང་དེས་བསྟན་པའི་བོད་ཀྱི་ཟབ་རྒྱས་ཆོས་སྲིད་ཀྱི་ནང་དོན་ལ་དཔྱད་པ་སྔར་མེད་རིགས་པའི་དོ་ཤལ་སོགས་ཆགས་ཡོད་འདུག

ཉམས་ཞིབ་ཁང་གི་འགན་འཛིན་བ་རི་ཟླ་བ་ཚེ་རིང་གིས་མཇུག་སྡོམ་གཏམ་བཤད་སྐབས། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་བཟུང་། དམར་ཤོག་ཚོགས་པའི་ཚོགས་འདུ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུ་སོགས་སུ། བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། ལོ་རྒྱུས་ཐོག་ག་རེ་ཡོད་པ་དེ་ཇུས་གཏོགས་མེད་ཟེར་ནས་བོད་ཀྱི་ནང་ཆོས་དང་རིག་གཞུང་དེ་དེང་རབས་ཀྱི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་དང་མཐུན་པའི་འགྲེལ་བཤད་རྒྱག་དགོས་པ་ཡང་ནས་བསྐྱར་དུ་ནན་བརྗོད་ཀྱིས་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱེད་དུས། དབྱིན་བོད་གཉིས་ཀྱི་ཐོག་དཔྱད་རྩོམ་བསྡུ་རུབ་བྱེད་བཞིན་པ་དེ་ད་ལྟ་ཡང་གནད་འགག་ཆགས་ཀྱི་ཡོད་པ་དང་། སོ་སོའི་ལོ་རྒྱུས་དེ་སོ་སོས་འགྲེལ་བཤད་མ་བྱས་ན་མ་འོངས་པར་ཁོང་ཚོས་བཤད་པ་དེ་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཡོད་པས། དཔྱད་རྩོམ་འབྲི་རྒྱུ་དེ་འགན་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། བཙན་བྱོལ་ནང་གི་བོད་མི་ཚོས་སོ་སོའི་རིག་གཞུང་དང་ལོ་རྒྱུས་སོགས་སོ་སོས་འགྲེལ་བརྗོད་ཆེད་གང་ཐུབ་རྩོམ་ཡིག་འབྲི་རོགས་ཞེས་དང་འབྲི་མཁན་ཚོ་ལ་གོ་སྐབས་གང་ཐུབ་འབུལ་རྒྱུ་ཡིན་ཞེས་གསུངས་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།