བོད་ཀྱི་སློབ་ཕྲུག་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་བཏང་འདུག
ཟླ་འདིའི་ཚེས་༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ལས་དོན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སའི་སློབ་གྲྭ་རྣམས་ཀྱིས་དགུན་ཁའི་གུང་གསེང་འཇོག་འགོ་བརྩམས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཕ་མ་ཚོ་ལ་བུ་ཕྲུག་རྣམས་གུང་གསེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག
དེ་ཡང་བོད་དོན་ལས་འགུལ་ཁང་དེས་སྤེལ་བའི་གནས་ཚུལ་ནང་། ལྷ་སའི་སློབ་ཆུང་ཞིག་གིས་ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༣༡ ཉིན་བསྒྲགས་པའི་བཀའ་རྒྱ་ཞིག་གི་འདྲ་པར་དང་ནང་དོན་རྣམས་བཀོད་འདུག་པ་དང་། བཀའ་རྒྱ་དེའི་ནང་སློབ་གསོ་ཅུའུ་(ཤེས་རིག་ལས་ཁུངས་)ཡི་བཀའ་བཀོད་ལྟར་སློབ་ཕྲུག་རྣམས་ཆོས་ལུགས་ཀྱི་བྱེད་སྒོ་གང་གི་ནང་དུའང་ཞུགས་མི་ཆོག་ཚུལ་འཁོད་པའི་ཐོག ཕ་མ་རྣམས་ཀྱིས་ཕྲུ་གུ་རྣམས་ཐག་རིང་གི་ས་ཆར་འཁྲིད་མི་ཆོག་པ་དང་། བཀའ་རྒྱ་མ་བརྩིས་པའི་མཇུག་འབྲས་ངན་པའི་འགན་ཡོངས་རྫོགས་ཕ་མས་འཁུར་དགོས་པའི་སྐོར་འཁོད་ཡོད་འདུག
བཀའ་རྒྱ་དེའི་ནང་ཕྲུ་གུའི་གུང་གསེང་སྐབས་ཕ་མ་ཚོས་འགན་འཁུར་དགོས་པའི་དོན་ཚན་གཙོ་བོ་བདུན་ཡོད་འདུག་ཅིང་། དེ་དག་ལས་ཕལ་ཆེ་བ་བྱིས་པའི་ཤེས་ཡོན་སློབ་གསོ་དང་། བདེ་འཇགས། ཀུན་སྤྱོད་སོགས་ལ་འབྲེལ་ཡོད་འདུག་མོད། འོན་ཀྱང་དོན་ཚན་བདུན་པའམ་མཐའ་མའི་ནང་། “གུང་གསེང་སྐབས་སློབ་ཕྲུག་རྣམས་ཆོས་ལུགས་ཀྱི་བྱེད་སྒོ་གང་གིའི་ནང་དུའང་ཞུགས་མི་ཆོག་ལ། རྩ་བའི་ཆ་ནས་སློབ་ཕྲུག་རྣམས་ས་ཆ་ཐག་རིང་ལ་འགྲོ་མི་ཆོག་”ཅེས་འཁོད་ཡོད་འདུག
རྒྱ་གཞུང་གིས་བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་གཏོང་བ་དང་། བོད་ཕྲུག་རྣམས་ཀྱི་ཀླད་པའི་ནང་བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན་མི་ཐེབས་པ་བཟོ་བའི་འབད་བརྩོན་ནང་། བོད་ཕྲུག་རྣམས་བོད་ཀྱི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་དེ་ད་ཐེངས་འདི་ཐོག་མའམ་གསར་པ་ཆགས་མི་འདུག་སྟེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤེལ་བའི་རྩོམ་ཡིག་དེའི་ནང་། ༢༠༡༩ དང་༢༠༡༨ གཉིས་ཀའི་དབྱར་དགུན་གྱི་གུང་གསེང་སྐབས་སུའང་བོད་ཕྲུག་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་གཅིག་མཚུངས་བཏང་བའི་སྐོར་བཀོད་འདུག་པའི་ཁར། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ལོ་༢༠༡༨ ཟླ་༥ པའི་ནང་ཆབ་མདོ་གྲོང་ཁྱེར་གྱིས་བོད་ཕྲུག་དང་ཕ་མ་རྣམས་ས་ག་ཟླ་བའི་སྐབས་ཆོས་ལུགས་ཀྱི་འདུ་འཛོམས་དང་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་བཏང་བ་མ་ཟད། གལ་སྲིད་བཀའ་ལ་མ་བརྩིས་པ་ཡིན་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་པའི་གནས་ཚུལ་སྤེལ་ཡོད་འདུག
རྒྱ་ནག་གཞུང་གིས་དེ་ལྟར་བྱིས་པ་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་མི་འཇུག་པ་དེ་ནི་ཀུན་སྤྱོད་ཀྱི་ནག་ཉེས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡང་འགལ་ཡོད་འདུག་སྟེ། དེ་ནི་རྒྱ་ནག་གིས་དད་མོས་དང་ཁས་ལེན་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་(Universal Declaration of Human Rights)ཀྱི་གཞི་རྩའི་ཆོས་དད་རང་དབང་དང་། དེ་བཞིན་རྒྱ་ནག་གིས་ཕྱི་ལོ་ ༡༩༩༢ ལོར་མོས་མཐུན་བྱས་པའི་བྱིས་པ་ཐོབ་ཐང་གི་གྲོས་མཐུན་(Convention on the Rights of Child)དང་འགལ་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།