བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་ལོ་༥༠ འཁོར་བ།

གཏེར་ཆེན་མཆོག་གྱུར་གླིང་པ་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་རིན་པོ་ཆེ་དང་། ཆུ་སྒང་དམག་སྤྱི་ཟུར་པ་སྐབས་དེའི་མདོ་སྟོད་སྤྱི་འཐུས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་ཐུན་མོང་གིས་ཕྱི་ལོ་༡༩༦༦ ལོར་བོད་ཁམས་བཟོ་གཞིས་ཚོགས་པ་གསར་འཛུགས་དང་། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཤིག་སྦིར་དུ་འཚོགས་ཡོད་པ་རེད།

bir1དེ་ཡང་གོང་གསལ་བླ་དཔོན་རྣམ་གཉིས་ཀྱིས་ཕྱི་ལོ་༡༩༦༦ ལོར་བོད་ཁམས་བཟོ་གཞིས་ཚོགས་པ་(Tibetan Khampa Industrial Society) གསར་འཛུགས་དང་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ཤིང། ལོ་དེར་སྦིར་གྱི་ས་ཆ་གསར་ཉོ་དང། ཕྱི་ལོ་༡༦༦༧ ལོར་ཅོན་ཏ་རར་ཡོད་པའི་ས་ཆ་གསར་ཉོ་བྱས། གོང་གསལ་བཞིན་དེབ་སྐྱེལ་གཅིག་གི་འོག སྡེ་དགེ་དང་། ནང་ཆེན་གཉིས་ཀྱི་མི་མང་གཙོ་བོར་གྱུར་པའི་མི་མང་ཕོན་ཆེ་ཡོད་པ་དག་གི་སྡོད་གནས་དང་འཚོ་ཐབས་ཀྱི་ཆེད་དུ་སྡེ་དགེ་གཞིས་ཆགས་དང་། ནང་ཆེན་གཞིས་ཆགས་གཉིས་གསར་འཛུགས་བྱས་ཤིང། སྐབས་དེར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་Tibetan Industrial Rehabilitation Society ཡིན་པ་མ་ཟད། ཕྱི་ལོ་༡༩༦༨ ཟླ་༨ ཚེས་༡༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་ཆགས་ལེགས་གྲུབ་ཀྱི་དབུ་འབྱེད་ཀྱང་གནང་ཡོད་པ་རེད།

bir2ད་བར་བོད་ཁམས་བཟོ་གཞིས་ཚོགས་པའི་ཁྱབ་ཁོངས་སྡེ་དགེ་གཞིས་ཆགས་དང། ནང་ཆེན་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་སུ་དགོན་སྡེ་ཆེ་ཁག་རྫོང་སར་བྱེས་ཀྱི་གདན་ས་རྫོང་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང། དཔལ་སྤུངས་བྱེས་ཀྱི་གདན་ས་ཤེས་རབ་གླིང། གནས་བརྟན་མཆོག་གླིང་དགོན་བྱེས་ཀྱི་གདན་ས་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང། དེ་བཞིན་དཔལ་ཡུལ་ཆོས་འཁོར་གླིང། ཟབ་གསང་ཆོས་འཁོར་གླིང། བུམ་མང་བྱམས་པ་གླིང། རྫོང་སར་བཤད་གྲྭ་རྙིང་པ་རྒྱལ་སྤྱིའི་ནང་ཆོས་སློབ་གཉེར་ལྟེ་གནས་རི་དྭགས་དགའ་ཚལ་སོགས་རིས་མེད་ཀྱི་དགོན་སྡེ་ཁག་དང། བོད་ཁྱིམ་སློབ་གྲྭ་དང་། སཾ་བྷོ་ཊ་སློབ་གྲྭ། བོད་གཞུང་སྨན་རྩིས་ཁང་གི་སྡེ་ཚན་ཁག རྒས་གསོ་ཁང་སོགས་ཆོས་དང་རིག་གཞུང་གི་ལྟེ་གནས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། བོད་ཁམས་བཟོ་གཞིས་ཚོགས་པའི་ཐོག་མའི་དམིགས་ཡུལ་དང་འབྲེལ་བའི་གྲུབ་འབྲས་སྐོར། “འདི་ག་བོད་ཁམས་བཟོ་གཞིས་ཚོགས་པ་ཡང་གསར་འཛུགས་བྱས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་སྐབས་འདིར། འདས་པའི་མི་ལོ་༥༠ ལོ་རྒྱུས་ཀྱི་འཕོ་འགྱུར་ལ་ཕྱིར་དྲན་དགོས་པ་གལ་ཆེར་མཐོང་ཞིང། ཚོགས་པ་འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པ་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་རིན་པོ་ཆེ་དང། ཆུ་སྒང་དམག་སྤྱི་ཟུར་པ་སྐབས་དེའི་མདོ་སྟོད་སྤྱི་འཐུས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་ཐུན་མོང་གིས་འབད་བརྩོན་འོག་གསར་འཛུགས་གནང། འདས་པའི་མི་ལོ་ཧྲིལ་པོ་༥༠ རིང་སྦིར་དང་། ཅོན་ཏ་ར་ཁུལ་དུ་ཡོད་པའི་སྡེ་དགེ་གཞིས་ཆགས་དང། ནང་ཆེན་གཞིས་ཆགས་གཉིས་ལ་མཚོན་ནའང། གཞིས་སའི་ཁྲིམས་མཐུན་བདག་དབང་དང། འཚོ་བའི་གནས་སྟངས། ཆོས་དང་རིག་གཞུང་སྲུང་སྐྱོབ། ཁོར་ཡུག་སོགས་གང་ཐད་ནས་བཙན་བྱོལ་ནང་གི་གཞིས་ཆགས་གཞན་ལ་སྨོན་མི་དགོས་པ་ཞིག་བྱུང་ཡོད་པ་ནི། བླ་དཔོན་གཉིས་ཀྱི་རླབས་ཆེན་གྱི་དགོངས་གཞི་དང་ཕུགས་རྒྱང་རིང་བའི་འཆར་འགོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན། གཞིས་མི་སོ་སོས་འབད་བརྩོན་གྱི་ནུས་པ་བཅས་ལ་བརྟེན་ནས་བྱུང་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།”ཅེས་བོད་ཁམས་བཟོ་གཞིས་ཚོགས་པའི་ལྔ་བཅུའི་དྲན་དེབ་ཏུ་ཚོགས་པ་དེའི་གསུང་འཕྲིན་ནང་འཁོད་འདུག

birགོང་གསལ་བཞིན་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག སྦིར་དུ་ཡོད་པའི་མཆོག་གླིང་དགོན་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་ཉིན་གསུམ་རིང་འཚོགས་ཡོད་པ་དང་། ཉིན་དང་པོ་ཕྱི་ཟླ་༩ ཚེས་༣ ཉིན་གཞིས་ཁོངས་དེའི་དགོན་སྡེ་ཁག་གི་དགེ་འདུན་པ་བཅུ་རེས་དུང་སྒྲུབ་ཚོགས་ཁང་དུ་རི་བོའི་བསང་མཆོད་གསུངས་ཤིང། མི་མང་གིས་གཟབ་འཕྱོར་དང་བཅས་བསངས་གསོལ་ལྷ་རྒྱལ་བསྒྲགས། དེའི་རྗེས་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་པ་རིན་པོ་ཆེ་ཞབས་སོར་འཁོད་ནས། དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་སྒྲོན་འབུལ་དང་སྐྱབས་འགྲོ་དང་མ་ཎི་སིདྡྷི་བཅས་ཀྱི་ལྗགས་ལུང་། བླང་དོར་བཀའ་སློབ་བཅས་བསྩལ་བའི་རྗེས་སུ་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་པ་སོགས་ཉིན་དེའི་མཛད་རིམ་ཁག་གྲུབ།

མཛད་སྒོ་དངོས་གཞི་ཕྱི་ཚེས་༥ ཉིན་སྔ་དྲོ་ཆུ་ཚོད་༡༠ པ་ཙམ་ལ་མཛད་སྒོ་དངོས་སུ་དབུ་འཛུགས་དང་འབྲེལ། ཐོག་མ་བོད་ཁམས་བཟོ་གཞིས་ཚོགས་པའི་ལྔ་བཅུ་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་དྲུང་ཨོ་རྒྱན་བསྟན་འཕེལ་གྱིས་བོད་སྐད་ཐོག་མཛད་རིམ་སྒྲོགས་སྦྱང་དང། བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་དྲུང་དཀོན་མཆོག་ལྷ་མོས་ཧིན་དིའི་སྐད་ཐོག་མཛད་རིམ་སྒྲོགས་སྦྱང་ཞུས། སྐུ་མགྲོན་ཆེ་ཁག་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས། མཆོག་གླིང་གདུང་སྲས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་བོད་ཁམས་བཟོ་གཞིས་ཚོགས་པ་ཇི་ལྟར་གསར་འཛུགས་བྱས་པའི་སྐོར་ངོ་སྤྲོད་གསུང་བཤད་གནང། དེའི་རྗེས་སུ་བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཙོ་སྡེ་དགེ་སྲས་འཆི་མེད་རྡོ་རྗེ་བྱ་རྒོད་ཚང་གིས་དབྱིན་སྐད་ཐོག་བོད་ཁམས་བཟོ་གཞིས་ཚོགས་པའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེའི་སྐུ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་སྲིད་སྐྱོང་དང་བཀའ་ཤག་གིས་ཚབ་ཞུས་ནས་གསུང་བཤད་དང་། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཀི་ཤོར་ལལ་ཇེ་ཡིས་གསུང་བཤད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་རྗེས་ཉིན་དེའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་སུ་དྷི་ཤཱར་མ་ཕེབས་རྒྱུའི་ཞལ་བཞེས་ཐོབ་ཀྱང། གློ་བུར་མཛད་བྲེལ་དམིགས་བསལ་ཞིག་ལ་བརྟེན་མཛད་སྒོར་དངོས་སུ་ཕེབས་ཐུབ་མེད་ཀྱང། བརྙན་འཕྲིན་བརྒྱུད་ནས་ཉིན་དེའི་མཛད་སྒོ་དང་འབྲེལ་བའི་གསུང་འཕྲིན་གནང་བ་དེ་ཉིད་མི་མང་ཡོངས་ལ་གཟིགས་འབུལ་ཞུས་ཤིང། བོད་ཁམས་བཟོ་གཞིས་ཚོགས་པའི་ལྔ་བཅུའི་དྲན་དེབ་དབུ་འབྱེད་དང། བླ་དཔོན་གཉིས་ཀྱི་རྗེས་དྲན་དབྱུག་རྩེད་སྤོ་ལོའི་འགྲན་སྡུར་གྱི་བྱ་དགའ་གནང་བ། སྐུ་མགྲོན་གཙོ་བོ་རྣམས་ལ་བོད་ཁམས་བཟོ་གཞིས་ཚོགས་པའི་རྟེན་འབྲེལ་ཕྱག་རྟགས་འབུལ་བཞེས་བཅས་གནང་རྗེས། བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཞོན་མཆོག་གླིང་སྲས་འཇམ་དབྱངས་རྒྱལ་མཚན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་བ་དང། སྡེ་དགེ་རིག་གཞུང་ཉམས་གསོ་ཚོགས་པ་དང། ནང་ཆེན་རིག་གཞུང་ཚོགས་པ། གསར་འབྱོར་རིག་གཞུང་ཚོགས་པ་བཅས་ཀྱིས་གཞས་སྣ་འཁྲབ་སྟོན་དང། ཉིན་གུང་གསོལ་ཚིགས་ཀྱི་རྗེས་སུའང་རིག་གཞུང་འཁྲབ་སྟོན་སྣ་མང་བྱས་ཡོད་མ་ཟད། མཛད་སྒོ་དངོས་གཞིའི་ཉིན་ས་གནས་དེའི་དགོན་སྡེ་ཁག་གི་དབུ་འཛིན་བླ་སྤྲུལ་རྣམ་པ་དང། དགེ་འདུན་པ་མི་མང་ཚང་མ་མཉམ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དབུས་སྤྱི་འཐུས་མང་པོ་ཕེབས་འདུག་པ་དང། བཀའ་ཤག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་དང་། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་སོགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང། ས་གནས་ཀྱི་དཔོན་རིགས་སོགས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ས་གནས་ཀྱི་འབྲེལ་ཡོད་མི་སྣ་སོགས་རྒྱ་གར་བ་མི་གྲངས་ཉིས་བརྒྱ་ལྷག་ཅིག་མཛད་སྒོ་དེར་མཉམ་ཞུགས་གནང་འདུག

ཕྱི་ཚེས་༦ ཉིན་ཡང་སྡེ་ནང་གཞིས་ཆགས་གཉིས་ཀྱི་མི་མང་རྣམས་གཞས་སྣ་འཁྲབ་སྟོན་རྩེད་རིག་སྣ་ཚོགས་བཅས་ཐུགས་སྤྲོ་ལ་རོལ་ཡོད་པ་རེད།།