བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་གསར་པ་བསྐོ་བཞག་བྱས་འདུག
བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་དེ་ལོ་ལྔ་རེའི་རྗེས་ནས་གསར་འདེམས་དགོས་ཀྱི་ཡོད་པ་དང་། མི་གཅིག་གིས་སྐབས་གཉིས་ལས་བྱས་ཆོག་གི་མེད་པས། ད་ལྟ་འགན་འཛིན་གསར་པར་བོད་ཁྱིམ་གྱི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་འོས་འདེམས་བྱུང་ཡོད་པ་རེད།
བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་གྱི་འགན་འཛིན་རྒྱུན་རིང་སྐུའི་གཅུང་མོ་རྗེ་བཙུན་པདྨས་ཁུར་ཡོད་པ་དང་། ཚེ་དབང་ཡེ་ཤེས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དུ་འཛིན་སྐྱོང་འཕེལ་རྒྱས་ཀྱི་ཚོགས་མིས་འོས་འདེམས་བྱས་པ་ཐོག་མ་དེ་ཡིན་པ་དང་། ཁོང་གིས་སྐབས་གཉིས་ལ་འགན་ཁུར་ཡོད་པ་རེད།
ཟླ་འདིའི་ཚེས་༡༤ ཉིན་གསར་འགོད་པས་འགན་འཛིན་ཟུར་པ་ཚེ་དབང་ཡེ་ཤེས་ལ་ལོ་བཅུའི་མཉམ་མྱོང་ལ་གཞིགས་ན། མ་འོངས་པར་བོད་ཁྱིམ་ནང་ནུས་ཤུགས་གཙོ་བོ་འདོན་ས་དང་གདོང་ལེན་བྱེད་དགོས་པ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དྲིས་པར། ཁོང་གིས། “གཙོ་བོ་གཅིག་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་སློབ་མའི་གྲངས་འབོར་ལ་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པ་རེད། སྔོན་མ་ཡིན་ན་གྲངས་མང་པོ་ཡིན་པས་བརྒྱ་བསྐྱེད་ལ་བསམ་བློ་བཏང་རེད། ད་ལྟ་སྤྱི་ཚོགས་ཀྱི་གནས་བབས་དང་བསྟུན་ནས། ཚུར་ཁུལ་བསྡུ་དང་། སྤུས་ཚད་ཡག་ཏུ་གཏོང་ཐབས་སུ་འབད་བརྩོན་དགོས་པ་རེད། གཉིས་པ་མཐོ་སློབ་དང་འབྲེལ་བའི་ཐད་སྔར་ལྷག་འགན་ཆེ་རུ་སོང་ཡོད་པ་དང་། དེར་སློབ་མ་ཡང་ལོ་ཤས་རིང་མང་དུ་འགྲོ་ཡི་རེད། སྐུ་མདུན་གྱི་བཀའ་སློབ་བཞིན་མཐོ་སློབ་ལ་གཏོང་ཐུབ་ཙམ་མ་ཡིན་པར། ཆེད་ལས་པ་མང་པོ་ལས་རིགས་འདྲ་མིན་ནང་ཡོད་དགོས་པ་ཡིན་པས། སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་རེད་ལ། ལོ་ལྔ་དྲུག་རིང་མཐོ་སློབ་ནང་སློབ་མ་མང་དུ་ཡོང་གི་རེད། སློབ་ཕྲུག་ཚོའི་སློབ་སྦྱོང་སྤུས་ཚད་ལ་སྔོན་ནས་ཤུགས་བརྒྱབ་ཡོད་ནའང་། དེའི་སྐབས་གྲངས་འབོར་མང་པོ་ཡིན་པས། ནུས་པ་ཐོན་མེད་ན། ད་ལྟ་ནུས་པ་འདོན་དགོས་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།
གསར་འགོད་པས་འགན་འཛིན་གསར་པ་ཐུབ་བསྟན་རྡོ་རྗེ་ལ་བཅར་འདྲི་བྱས་པར། ཁོང་གིས། “བོད་ཁྱིམ་འགན་འཛིན་གྱི་འགན་དེ་ལྗིད་པོ་རེད་ལ། འདིའི་ནང་སློབ་མ་སྟོང་ཕྲག་༡༢ ཙམ་དང་ལས་བྱེད་ཆིག་སྟོང་ལྷག་ཡོད་པ་རེད། ཡིན་ཡང་ང་ལ་འཛིན་སྐྱོང་འཕེལ་རྒྱས་ཀྱི་ཚོགས་མི་ཚང་མའི་མང་མོས་ཐོག་ནས་ཡིད་ཆེས་བློས་འགེལ་བྱས་རེད། དེ་བཞིན་ལས་རོགས་ཚང་མ་ཡག་པོ་ཡོད་པས། ལས་ཀ་བྱེད་ཐུབ་ཀྱི་མ་རེད་བསམ་པའི་བློ་དོགས་གང་ཡང་མེད། དེ་བཞིན་ཨ་མ་རྗེ་བཙུན་པདྨའི་ལམ་སྟོན་དང་རོགས་རམ་མུ་མཐུད་ཡོད་པར་ཐེ་ཚོམ་དགོས་མ་རེད་”ཅེས་གསུངས་སོང་།
འགན་འཛིན་གསར་པ་ཐུབ་བསྟན་རྡོ་རྗེ་ལ་མ་འོངས་པར་བོད་ཁྱིམ་ནང་ནུས་ཤུགས་འདོན་ས་གཙོ་བོ་གང་ཡིན་སྐོར་བཅར་འདྲི་བྱས་པར། ཁོང་གིས། “སྔོན་མ་བོད་ནས་ཕྲུ་གུ་གསར་འབྱོར་མང་པོ་ཡིན་པ་དང་། དེའི་སྐབས་དང་པོ་འཆར་གཞི་བསྒྲིགས་ནས་ཡོང་གི་ཡོད་པ་མ་རེད། ད་ལྟ་ཕྲུ་གུ་བོད་ནས་ཕ་མར་གཏོང་འདོད་ཡོད་ཀྱང་གཏོང་ཐུབ་ཀྱི་མེད་པ་དང་། བཙན་བྱོལ་ནང་དུ་ཕྲུ་གུའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་པ་རེད། ད་ལྟ་ཕྲུ་གུ་ཉུང་དུ་སོང་བ་དང་སྤུས་ཚད་ཐོག་ནུས་ཤུགས་འདོན་དགོས་རེད། སྔོན་མ་ཁྱིམ་ཚང་གཅིག་ནང་ཕྲུ་གུ་ལྔ་བཅུ་དེ་འདྲ་འཇོག་དགོས་ཁེལ་བ་དང་། འཛིན་ཁང་དང་འཛིན་སྐྱོང་ཚང་མར་དཀའ་ངལ་འཕྲད་པ་རེད། ད་ལྟ་སྤུས་ཚད་ལ་ཤུགས་རྒྱག་དགོས་པ་དང་། དེ་ཡོང་ཐབས་སུ་ལས་བྱེད་ཚད་མཐོ་རུ་གཏོང་དགོས་པ། ཟས་བཅད་ཡག་ཏུ་གཏོང་དགོས་པ་དང་སློབ་སྦྱོང་ཡག་ཏུ་གཏོང་དགོས་ཀྱི་ཡོད་རེད། དེ་བཞིན་ད་ལྟ་མཐོ་སློོབ་ཏུ་འགྲོ་མཁན་ཚོ་དང་། ཏཱ་ལའི་བླ་མའི་མཐོ་སློབ་ནང་དུ་ཡོད་མཁན་ཚོར་མཐུན་རྐྱེན་སྦྱོར་ཐུབ་དགོས་ཀྱི་ཡོད་རེད། རིགས་གཅིག་རྐང་འཛིན་པ་ཡོང་ཐབས་སུ་ནུས་པ་འདོན་དགོས་རེད་”ཅེས་གསུངས་སོང་།
བོད་ཁྱིམ་གྱི་འོག་ཏུ་སློབ་གྲྭ་ཆུང་འབྲིང་༡༦ དང་དེའི་ནང་ད་ལྟ་སློབ་མ་ཆིག་ཁྲི་ཙམ་དང་། དེ་ནས་སློབ་ཐོན་བྱུང་བའི་མཐོ་སློབ་འགྲིམ་བཞིན་པ་༢༠༠༠ ལྷག་ཡོད་པ་དང་། ད་ལྟ་བོད་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པས། རྒྱ་གར་གྱི་ཧི་མ་ལ་ཡི་རི་རྒྱུད་ཀྱི་བོད་རིགས་གཅིག་པ་དང་བོད་དང་ཆོས་རིག་གཞུང་གཅིག་པའི་སློབ་མ་གང་འཚམས་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།