བོད་གཞིས་ཀ་རྩེའི་ཕྱོགས་སུ་ས་ཡོམ་གྱིས་མི་༩༥ གྲོངས་ཤིང་༡༣༠ ལ་རྨས་སྐྱོན་བྱུང་འདུག

ཕྱི་ལོ་༢༠༢༥ ཟླ་༡ ཚེས་༧ གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་༩ པ་ཡོལ་ཙམ་ལ་བོད་ནང་གི་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་ལྟེ་བ་བརྒྱབས་འདུག་པ་དང་། གཞན་ཡང་གཞིས་རྩེ་གྲོང་ཁྱེར། ས་སྐྱ་རྫོང་། ལྷུན་རྩེ་རྫོང་། ངམ་རིམ་རྫོང་། གཏིང་སྐྱེས་རྫོང་བཅས་ལ་ཤུགས་རྐྱེན་ཐེབས་ཏེ་མི་རྒྱུ་ལ་གནོད་སྐྱོན་བྱུང་ཡོད་འདུག རྒྱ་གཞུང་གི་བརྒྱུད་ལམ་ཁག་ནས་༦.༨ ལབ་ཀྱི་འདུག་ཀྱང་། ཨ་རིའི་ས་ཁམས་བརྟག་དཔྱད་ཁང་དང་རྒྱལ་སྤྱིའི་གསར་ཁང་ཁག་ནས་༧.༡ བརྒྱབས་ཡོད་པར་བརྗོད་འདུག ད་ལྟ་བར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧ་གསར་ཁང་ལྟར་ན། ད་ལྟ་བར་མི་༩༥ ཡི་ཚེ་སྲོག་ཤོར་ཡོད་པ་དང་མི་༡༣༠ ལ་རྨས་སྐྱོན་ཕོག་ཡོད་པ། ཁང་པ་༡༥༠༠ ལྷག་གཏོར་སྐྱོན་ཐེབས་ཡོད་པར་བརྗོད་འདུག  དོན་དངོས་ཐོག་དེས་མི་ཚད་པར་མི་༡༠༠ ལས་བརྒལ་ཡོད་པ་རྗོད་མཁན་འདུག ཁང་པ་དང་རླངས་འཁོར་སོགས་རྒྱུ་དངོས་ལ་གཏོར་སྐྱོན་ཆེན་པོ་བཟོས་ཡོད་པ་གཞུང་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མཐོང་ཐུབ་ཀྱི་འདུག་ལ། གཞུང་ལམ་དང་ཆུ། གློག་བཅད་ཡོད་འདུག གནམ་གཤིས་གྲང་མོ་ཧ་ཅང་ཆགས་ནས་མཚན་མོར་མི་རྣམས་ལ་དཀའ་ལས་ཆེན་པོ་སྤྲོད་ཀྱི་ཡོད་འདུག 

ད་ཐེངས་ཀྱི་ས་ཡོམ་འདི་རྒྱག་ས་ལྟེ་བ་གཞིས་ཀ་གྲོང་ཁྱེར་དིང་རི་རྫོང་དུ་ཡིན་འདུག་ཀྱང་དེའི་འགུལ་ཚོར་བལ་ཡུལ་དང་རྒྱ་གར་བྷེ་ཧར་སོགས་སུ་ཡང་བྱུང་ཡོད་འདུག

དེའི་རྗེས་སུ་ཡང་ཆུང་ངུ་ཁ་ཤས་བརྒྱབ་པར་བརྗོད་འདུག་ལ། རྒྱ་ནག་གི་ས་དཔྱད་པ་ཞིག་གིས་བརྗོད་པ་ལྟར་ན་ད་དུང་ས་ཡོམ་ཤུགས་ཚད་༥ ཞིག་རྒྱག་སྲིད་པར་བརྗོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།