བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་བཅུ་གཅིག་པ་སྤེལ་རྒྱུ་རེད་འདུག
ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་བཅུ་གཅིག་པ་དེ་ཡོ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ཨ་མ་ཡོད་ས་སི་ཊ་སི་སྦག་ནས་རྒྱ་ནག་གི་གཞུང་ཚབ་ཁང་བར་ཞི་བའི་གོམ་འགྲོད་ལས་འགུལ་སྤེལ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༢༤ ཉིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་སྒེར་གྱི་ངོ་དེབ་ཐོག་གསལ་བསྒྲགས་ཤིག་བརྒྱུད་སྤེལ་བྱས་འདུག་པ་ལྟར་། ཁོང་གིས་ཕྱི་ལོ་༢༠༢༥ ཟླ་༢ ཚེས་༢༨ ཉིན་གྱི་ཆུ་ཚོད་༡༤།༠༠ ནས་ཉིན་རྒྱབ་ཚུ་ཚོད་༣།༠༠ བར་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་བཅུ་གཅིག་པ་དེ་ཡུ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ཨ་མ་ཡོད་ས་སི་ཊ་སི་སྦག (Strasbourg) གྲོང་ཁྱེར་ནས་རྒྱ་ནག་གི་གཞུང་ཚབ་ཁང་བར་ཞི་བའི་གོམ་འགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གསལ་བསྒྲགས་ནང་། ཡུ་རོབ་གྲོས་ཚོགས་ནི་འཛམ་གླིང་ནང་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་མང་གཙོ་དར་སྤེལ་སོགས་ཀྱི་སྐོར་འཛམ་གླིང་ནང་གལ་ཆེའི་གོ་གནས་བཟུང་ཡོད་པར་བརྟེན། དེའི་མདུན་དུ་ལས་འགུལ་སྤེལ་བ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཡོངས་ཐབས་དང་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཆེ་ཙམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ཡུ་རོབ་ཁུལ་དུ་གནས་བཞུགས་བོད་རིགས་སྤུན་ཟླ་རྣམས་དང་བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་གང་མང་མཉམ་ཞུགས་གནང་རོགས་ཞུ་ཞེས་བཀོད་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་བསྟན་པ་དར་རྒྱས་ཀྱིས་ཕྱི་ལོ་༢༠༡༤ ལོར་བོད་རྒྱལ་ཁབ་ཀྱི་ཆེད་དུ། རང་ལུས་མེར་སྲེག་གཏོང་མཁན་གཙོས་གཅེས་སྲོག་ཕངས་མེད་དུ་སྦྱིན་པའི་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་དང་། ཁོང་ཚོའི་ནང་མི་ཀུན་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ལས་འགུལ་ཏེ་“བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་”ཞེས། ངྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་གི་མདུན་ནས། ལོ་སར་ཚེས་གཅིག་ནས་ཉིན་གསུམ་རིང་ཟས་བཅད་ཆུ་བཅད་ཀྱི་ལས་འགུལ་ཐེངས་དང་པོ་དེ་སྤེལ་བ་དང་། ཕྱི་ལོ་༢༠༡༥ ལོར་ཨོ་གླིང་གི་གྲོང་ཁྱེར་སྦིར་ཛི་བྷེན་ནས་ཐེངས་གཉིས་པ། ཕྱི་ལོ་༢༠༡༦ ལོར་ཨོ་གླིང་གི་གྲོང་ཁྱེར་སེ་ནེ་ནས་ཐེངས་གསུམ་པ། ཕྱི་ལོ་༢༠༡༧ ལོར་ཨོ་གླིང་གི་རྒྱལ་ས་ཁེམ་ར་ནས་ཐེངས་བཞི་བ། ཕྱི་ལོ་༢༠༡༨ ལོར་ཨོ་གླིང་གི་གྲོང་ཁྱེར་མེལ་བྷོམ་ནས་ལས་འགུལ་ཐེངས་ལྔ་བ། ཕྱི་ལོ་༢༠༡༩ ལོར་ཨོ་གླིང་གི་གྲོང་ཁྱེར་ཕུར་ཐི་ནས་ཐེངས་དྲུག་པ། ཕྱི་ལོ་༢༠༢༠ ལོར་ཨོ་གླིང་གི་གྲོང་ཁྱེར་ཧོབ་བྷ་ཊི་ནས་ཐེངས་བདུན་པ། ཕྱི་ལོ་༢༠༢༡ ལོར་ཨོ་གླིང་གི་གྲོང་ཁྱེར་ཕུར་ཐི་ནས་ཐེངས་བརྒྱད་སྤེལ་བ་སོགས་ད་རེས་ཐེངས་བཅུ་གཅིག་པ་དེ་སྤེལ་རྒྱུ་ཡིན་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།