བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་བརྒྱད་པ་ཨོ་གླིང་དུ་སྤེལ།
ཟླ་འདིའི་ཚེས་༡༢ ཉིན་ཏེ་བོད་ཀྱི་ལོ་སར་ཚེས་༡ ཉིན་བོད་རང་བཙན་ལས་འགུལ་བ་བསྟན་པ་དར་རྒྱས་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་བརྒྱད་པ་འཛམ་གླིང་གི་ཁེར་རྐྱང་གྲོང་ཁྱེར་དུ་འབོད་པའི་ནུབ་ཨོ་གླིང་གི་ལྟེ་བ་ཕུར་ཐི་ནས་སྤེལ་ཡོད་པ་རེད།
ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་རི་ཆར་ལུས་(Richard Lue) དང་ཧྥེ་ལིག་ཆང་(Felix Chang ) བོད་དོན་རྒྱབ་སྐྱོར་བ་རོབ་(Rob) རྩོམ་པ་པོ་གྲགས་ཅན་ལྷ་སྡེ་གནམ་ལོ་ཡག བོད་དང་ཧོང་ཀོང་གི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བཙོང་ཆུང (Tshung Chang) ཟེར་བ་སོགས་མི་སྣ་གལ་ཆེན་ཁག་ཅིག་ཕེབས་ནས་རང་གི་ལྟ་ཚུལ་བརྗོད་པ་དང་རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ལ་ངོ་རྒོལ་བྱས་ཡོད་པ་རེད།
ལས་འགུལ་དེ་བསྟན་པ་དར་རྒྱས་ཀྱིས་ཕྱི་ལོ་༢༠༡༤ ལོར་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་གཙོས་གཅེས་སྲོག་འཕངས་མེད་དུ་སྦྱིན་པའི་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་དང་ཁོང་ཚོའི་ནང་མི་ཀུན་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ལས་འགུལ་ཏེ་“བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་”ཞེས་ངྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་གི་མདུན་ནས་ལོ་སར་ཚེས་གཅིག་ནས་ཉིན་གསུམ་ལ་ཟས་བཅད་ཆུ་བཅད་ཀྱི་ལས་འགུལ་ཐེངས་དང་པོ་སྤེལ་དང་། ༢༠༡༥ ལོར་ཨོ་གླིང་གི་གྲོང་ཁྱེར་སྦིར་ཛི་བྷེན་ནས་ཐེངས་གཉིས་པ། ༢༠༡༦ ལོར་ཨོ་གླིང་གི་གྲོང་ཁྱེར་སེ་ནེ་ནས་ཐེངས་གསུམ་པ། ༢༠༡༧ ལོར་ཨོ་གླིང་གི་རྒྱལ་ས་ཁེམ་ར་ནས་ཐེངས་བཞི་བ། ༢༠༡༨ ལོར་ཨོ་གླིང་གི་གྲོང་ཁྱེར་མེ་བྷོམ་ནས་ལས་འགུལ་ཐེངས་ལྔ་བ། ༢༠༡༩ ལོར་ཨོ་གླིང་གི་གྲོང་ཁྱེར་ཕུར་ཐི་ནས་ཐེངས་དྲུག་པ། ༢༠༢༠ ལོར་ཨོ་གླིང་གི་གྲོང་ཁྱེར་ཧོབ་བྷ་ཊི་ནས་ཐེངས་བདུན་པ། ༢༠༢༡ ལོར་ཨོ་གླིང་གི་གྲོང་ཁྱེར་ཕུར་ཐི་ནས་ཐེངས་བརྒྱད་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།