བོད་ཆབ་མདོ་སྨར་ཁམས་རྫོང་མཚོ་རྔ་ཡུལ་ཚོ་རུ་གཏེར་ཁ་སྔོག་འདོན་གྱིས་མི་མང་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་འདུག

བོད་ཀྱི་བང་ཆེན་གསར་ཁང་གིས་སྒྲིག་སྦྱོར་བྱས།

བོད་ནང་དུ་ས་གནས་ཀྱི་འགོ་ཁྲིད་དང་རྒྱ་རིགས་ཚོང་པའི་བར་ངན་པ་ལག་འབྲེལ་བྱས་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདྲ་མིན་སྤེལ་གྱི་ཡོད་པའི་རྐྱེན་གྱིས། ཁོར་ཡུག་གཏོར་སྐྱོན་གྱིས་ས་གནས་བོད་མི་ཚོའི་སྒོ་ཕྱུགས་སེམས་ཅན་དང་། ཞིང་ས། རྩྭ་ཐང་སོགས་རྩ་མེད་དང་། དེ་བཞིན་སྡོད་ཁང་བཅས་ལ་ཆུ་ལོག་དང་ས་རུད་ཡོང་བ། ས་བཅུད་ཉམས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ཟླ་བ་འདིའི་ཕྱི་ཚེས་༢༠ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ། བོད་ཆབ་མདོ་སྨར་ཁམས་རྫོང་། མཚོ་རྔ་ཡུལ་ཚོ་རུ་ཕྱི་ལོ་༢༠༢༠ ཟླ་བ་༨ པའི་ཚེས་༧ ཉིན་རྒྱ་མིའི་ཚོང་པ་དང་ས་གནས་འགོ་ཁྲིད་གཉིས་བར་ངན་པ་ལག་འབྲེལ་བྱས་ནས་གཏེར་ཁ་སྔོག་འདོན་བྱེད་འགོ་བཙུགས་ཡོད་འདུག་ཅིང་། དུས་ད་ལྟ་བར་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ས་གནས་མི་མང་ཚོའི་ཞིང་ཁ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་བཞིན་ཡོད་པས་ས་གནས་མི་མང་ཚོ་འུ་ཐུག་པའི་ཐོག་ནས་འཛོམས་ཏེ། གཞུང་ལ་ཞུ་གཏུག་ཐེངས་མང་བརྒྱབ་ཡོད་འདུག་ཀྱང་། ས་གནས་འགོ་ཁྲིད་དང་རྫོང་གི་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་ལྟ་རོགས་མ་བྱས་པའི་རྐྱེན་གྱིས་ས་གནས་ཀྱི་མི་རབས་རྒས་པ་ཚོས་ངུ་སྐད་འདོན་བཞིན་ཞུ་གཏུག་བྱེད་ཀྱི་ཡོད་འདུག  གནད་དོན་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་དྲྭ་ཐོག་ཏུ་ཁྱབ་པའི་ནང་ལ་ས་གནས་མི་མང་རྒན་པ་འགས་བརྗོད་དོན་ལ། ཕྱི་ལོ་༢༠༢༠ ནས་ད་བར་ས་གནས་ཀྱི་གནས་རི་ཞིག་ལ་གཏེར་ཁ་སྔོག་འདོན་བྱེད་འགོ་བཙུགས་པའི་རྐྱེན་གྱིས་དཀའ་ངལ་མང་པོ་སྤྲད་ཡོད་པ་དང་། ཤང་གི་འགོ་ཁྲིད་དང་རྫོང་གི་འགོ་ཁྲིད་ཚོས་མི་མང་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་པ་ལས་དོན་དངོས་སུ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཅེས་དང་། མཚོ་རྔ་ཤང་ལྟ་བུར་མཚོན་ན་ཡུལ་མི་༡༧༣༠ ཙམ་ཡོད་ཀྱང་ས་གནས་ཡུལ་ཚོའི་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་ལྟ་རོགས་མི་བྱེད་པ་དང་།  མི་མང་རྣམས་དྭ་ཕྲུག་ཐང་ལ་གཡུགས་པ་ལྟར་ལྷག་སོང་། དུས་རྒྱུན་རི་མགོ་ནས་ཤིང་སྡོང་གཅིག་བཅད་ན་རྒྱ་སྒོར་༥༠༠ ཉེས་ཆད་གཅོད་ཀྱི་ཡོད་ཀྱང་། ད་ལྟ་ས་གནས་ཀྱི་འགོ་ཁྲིད་དང་ཚོང་པ་གཉིས་ཀྱིས་ངན་འབྲེལ་བྱས་ནས་ཤིང་ནགས་ཕོན་ཆེན་པོ་དེ་འདྲ་བཅད་ཀྱང་བཤད་མཁན་གླེང་མཁན་མི་འདུག་ཅེས་བརྗོད་འདུག་པ་དང་། 

གཏེར་ཁ་སྔོག་འདོན་དེ་བཀག་འགོག་གི་ཆེད་དུ་མི་མང་གིས་རྒྱ་སྒོར་ཁྲི་མང་པོ་བཏང་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་ཐོན་གྱི་མི་འདུག  ང་ཚོ་མི་མང་ཚོ་ལ་དངུལ་མང་དྲགས་པའི་རྐྱེན་གྱིས་དངུལ་དེ་འདྲ་མང་པོ་བཏང་བ་མིན། ང་ཚོས་རང་གི་འཚོ་གནས་དང་ཡུལ་ལུང་སྲུང་སྐྱོབ་ཀྱི་ཆེད་བཏང་བ་ཡིན། གནས་རི་དེ་ནི་ས་གནས་ཀྱི་འབྲོག་པ་དང་ཞིང་པ། ཡུལ་མི་ཚོའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ད་དུང་མཚམས་འཇོག་མ་བྱས་ཚེ་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་མི་རྒན་པ་ཞིག་གིས་བརྗོད་འདུག 

དྲྭ་ཐོག་ཏུ་ཁྱབ་པའི་བརྙན་ཐུང་དེའི་འོག་ཏུ་ས་གནས་མི་མང་དང་མི་གཞན་གྱིས་གཏེར་ཁ་སྔོག་འདོན་དེ་ལ་བརྟེན་ནས་མི་མང་ཚོ་ལ་དཀའ་ངལ་ཆེན་པོ་གང་འདྲ་འཕྲད་ཀྱི་ཡོད་མེད་སྐོར་མཆན་མང་པོ་བཀོད་འདུག་པ་ལས། དེའི་ནང་དུ་དོན་ཚན་གཙོ་བོ་བཞི་ཙམ་ཞིག་རྗོད་ཀྱི་འདུག

༡ གནས་རི་དེ་ལ་རྩྭ་ཐང་ཆེན་པོ་ཡོད་པ་དང་། གཏེར་ཁ་སྔོག་འདོན་ལ་བརྟེན་ནས། སྤང་རི་གཏོར་ན་ས་གནས་ཡུལ་མི་ཚོའི་སྒོ་ཕྱུགས་སེམས་ཅན་དང་ནོར་ནག་རྣམས་ལ་རྩྭ་ཟ་རྒྱུ་མེད་པའི་རྐྱེན་གྱིས་ནོར་ནག་ཤི་སྐྱོན་ཕོན་ཆེན་ཡོང་གི་ཡོད་པ།

༢ ནོར་ནག་རྣམས་ལ་རྩྭ་ཟ་རྒྱུ་མེད་པའི་རྐྱེན་གྱིས་ནོར་ནག་འཕེལ་རྒྱས་མི་ཐུབ་པ་དང་། སྒོ་ཟོག་སེམས་ཅན་༢༢ ཙམ་ཆུ་ལོག་གིས་ཁྱེར་ཤོར་ཡོད་པ། རྩྭ་ཐང་ལ་འདམ་གྱིས་བཀབ་ནས་རྩྭ་ཟ་རྒྱུ་མེད་པ། 

༣ དེ་བཞིན་ཤིང་ནགས་རྣམས་བཅད་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཡོང་ནས་སྡོད་ཁང་དང་ཞིང་སར་སྐྱོན་རྒྱག་གི་ཡོད་པ། གཏེར་ཁ་སྔོག་འདོན་ལ་བརྟེན་ནས་རི་གཤམ་དུ་ཡོད་པའི་མི་མང་གི་ཞིང་སའི་ས་བཅུད་ཉམས་ཀྱི་ཡོད་པ་སོགས་བརྗོད་འདུག་ལ། ད་དུང་ས་གནས་མི་མང་གི་ཁང་པ་མང་པོ་ཞིག་ལ་ཆུ་ལོག་གིས་རྐྱེན་པས་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་འདུག

༤ ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚད་མེད་གཏོང་བཞིན་ཡོད་པའི་རྐྱེན་གྱིས་མ་འོངས་པར་ས་གནས་ཡུལ་མི་ཚོ་ས་གནས་དེར་གནས་ཐུབ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་པས། མི་མང་ཚོས་སྲིད་གཞུང་ལ་ཞུས་ནས་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་པ་བཅས་རེད་འདུག  

མཆན་འགོད་མཁན་གཞན་ཞིག་གིས་བརྗོད་དོན་ལ། བོད་ནང་ད་ཆར་ཁྲིམས་འགལ་ཐོག་ནས་གཏེར་ཁ་སྔོག་འདོན་བྱེད་མཁན་མང་པོ་ཡོད་པ་དང་། ས་གནས་ཀྱི་འགོ་ཁྲིད་དང་རྒྱ་རིགས་ཚོང་པ་ཚོས་ངན་པ་ལག་འབྲེལ་བྱས་ནས་ཁྲིམས་འགལ་ཐོག་ནས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་དང་། མཆན་འགོད་མཁན་དེའི་གནས་ཡུལ་ས་གནས་སུ་ས་གནས་འགོ་ཁྲིད་ཀྱི་ཚོགས་ཆུང་ཞིག་ཡོད་འདུག་པ་དང་། ཚོགས་ཆུང་དེ་ཡིས་ས་གནས་ཀྱི་ཡུལ་མི་རྣམས་ལ་བཙོན་འཇུག་བྱེད་རྒྱུའི་འཇིགས་སྐུལ་དང་། ཁོང་ཚོ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་ཆོག་པའི་ཆོག་མཆན་ཡིག་ཆ་ཡོད་ཚུལ་རྫུན་བཤད་ནས་ས་གནས་ཡུལ་མི་ཚོ་ཁ་འགོག་ཐབས་བྱས་ཡོད་པར་བརྗོད་འདུག ཚོད་དཔག་བྱས་ན་དེ་སྔོན་མཚོ་རྔ་ཡུལ་ཚོའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་གནས་སྐབས་མཚམས་འཇོག་བྱས་ཀྱང་། ཉེ་ཆར་བསྐྱར་དུ་འགོ་འཛུགས་བྱས་པའི་རྐྱེན་གྱིས་ས་གནས་ཡུལ་མི་ཚོ་འཛོམས་ནས་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་འདུག ད་ལྟའི་ཆར་འཛིན་བཟུང་སོགས་ཀྱི་གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་ཐུབ་དཀའ་འདུག སྤྱིར་རྒྱ་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཚོང་པ་ཚོས་ས་གནས་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་ངན་པ་ལག་འབྲེལ་བྱས་ཏེ་བོད་ནང་གི་ས་ཆ་གང་སར་ནས་གཏེར་ཁ་སྔོག་འདོན་བྱས་ཏེ་བོད་སྣོད་བཅུད་ཐམས་ཅད་ལ་ཉེན་ཁ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་པ་རེད། གོང་གསལ་གནས་ཚུལ་ལྟར་ཉེ་ཆར་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུའང་བྱུང་འདུག་པ་དང་། སྐབས་དེར་མི་མང་ཁག་ཅིག་འཛོམས་ནས་དེའི་ནང་གི་གཙོ་བོ་དེས་གཏེར་ཁ་སྔོག་པའི་ལས་གཞི་འདི་འགོག་པའི་ཆེད་དུ་སོ་སོ་ལ་ག་རེ་བྱུང་ཡང་འགྱོད་པ་དང་ཕྱིར་ནུད་མེད་པར་རྗོད་ཀྱི་འདུག འོན་ཀྱང་དེའི་རྗེས་སུ་ག་རེ་བྱུང་ཡོད་མེད་ད་ཆར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།