བོད་ཉིང་ཁྲི་ས་ཁུལ་ཀྱི་ས་ཕུག་ཐོན་ལམ་དུ་གངས་རུད་ཀྱི་དོན་རྐྱེན་བྱུང་ནས་ཉུང་མཐར་མི་༢༨ གྲོངས་འདུག

ཟླ་བ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་བ་འདིའི་ཚེས་༢༠ ཉིན་རྒྱ་ནག་གཞུང་གི་CCTVའམ་སྦས་ལམ་བརྙན་འཕྲིན་གསར་ཁང་གི་གནས་ཚུལ་སྤེལ་གསལ། ཟླ་བ་འདིའི་ཚེས་༡༧ ཉིན་གྱི་དགོར་མོར་གངས་རུད་ཀྱི་དོན་རྐྱེན་བྱུང་ནས། བོད་ཀོང་པོ་ཉིང་ཁྲི་ཁོངས་ཀྱི་སྨན་གླིང་རྫོང་ནས་མེ་ཏོག་རྫོང་བར་གྱི་རྟོ་གཞོང་ལིའི་ཕུག་ལམ་ཟེར་བ་དེ་འགག་པར་བརྟེན། ཟླ་བ་འདིའི་ཚེས་༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་༥ བར་ཉུང་མཐར་ཁྱོན་མི་གྲངས་༢༨ གྲོངས་ཡོད་རབས་ཀྱི་གནས་ཚུལ་སྤེལ་ཡོད་འདུག

རྒྱ་ནག་གཞུང་གི་མྱུར་སྐྱོབ་པས། དོན་རྐྱེན་བྱུང་བའི་ཉིན་མོར་གངས་རུད་བྱུང་བས། དེ་ཁུལ་དུ་རླངས་འཁོར་མང་པོ་ཞིག་མནན་པའི་རྒྱུ་རྐྱེན་ལ་བརྟེན་ནས་རླངས་འཁོར་ནང་ཡོད་པའི་མི་མང་པོ་ཞིག་ལ་འཚོ་རླུང་མི་འདང་ནས་རྐྱེན་འདུས་སུ་ཕྱིན་ཡོད་འདུག་ཅེས་དང་། དེ་བཞིན། ཁུལ་འདིའི་བོད་མི་དགོན་པོ་ཟེར་བ་ཞིག་གིས། ལམ་དེ་བརྒྱུད་ནས་ང་ཚོའི་གྲོང་མི་མང་པོ་ཞིག་དང་དེ་བཞིན་ཚོང་བརྒྱབ་ནས་ལོག་ཡོང་མཁན་མང་པོ་ཞིག་ཡོད། ཁོ་ཚོ་མང་ཆེ་བ་བོད་པ་རེད་ཅེས་བརྗོད་ཡོད་འདུག

  དེ་བཞིན་རྒྱ་ནག་ནང་གི་དྲྭ་འབངས་ཞིག་གི་སེམས་ཚོར་དྲག་པོས། ངས་དོན་རྐྱེན་འདིའི་འོག་གི་ཚེ་ཤོར་མཁན་རྣམས་མཐོང་སྐབས་ཧ་ཅང་སྙིང་རྗེ་ཡི་འདུག ངས་དོན་རྐྱེན་འདིའི་འོག་གྲོངས་མཁན་ཡོངས་ལ་སྔོ་སྨོན་བྱེད་ཀྱི་ཡོད། དེ་རིང་ཚེས་༢༡ ཉིན་ནི་ལོ་གསར་གྱི་སྔ་ནུབ་རེད། མི་ཚང་ག་ཚོད་ལ་ནང་མི་ནམ་ཡང་ལོག་ཐབས་མེད་དམ་ཅེས་བརྗོད་ཡོད་འདུག

གཞན་ཡང་། ཟླ་བ་འདིའི་ཚེས་༢༠ ཉིན་གྱི་རྒྱ་ནག་གནམ་གཤིས་སྔོན་བརྡ་དྲ་བས། བོད་ཀྱི་ནུབ་བྱང་ཁུལ་དང་ཤར་ལྷོ་ཁུལ་དུ་གངས་ཆུང་བ་ནས་འབྲིང་བར་བབས་རྒྱུ་དང་། བོད་ནུབ་ཕྱོགས་ཁུལ་དུ་གངས་ཤུགས་ཆེན་པོ་བབས་རྒྱུ་ཡིན་རབས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བདེ་སྒྲོན།