བོད་དང་ཡུཀ་རན་གྱི་གནད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༥ ཕྱི་ལོ་ ༢༠༢༢/༣ /༩

རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། ཨུ་རུ་སུས་ཡུ་རོབ་ཤར་མའི་རྒྱལ་ཁབ་ཡུཀ་རན་དུ་བཙན་འཛུལ་བྱས་པའི་བརྒྱུད་རིམ་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད་ཅིང་། མི་འདྲ་བའི་ཆའང་ཁ་ཤས་ཡོད། གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན་རྒྱལ་ཁབ་དབང་ཤུགས་དང་། ལྷག་པར་དུ་བཙན་ཤེད་དང་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་ཚུལ་གཙིགས་འཛིན་བྱེད་མཁན་དག་གིས། ཉེ་འགྲམ་གྱི་རྒྱལ་ཁབ་ཉམ་ཆུང་དག་ལ་བཙན་འཛུལ་དབང་བསྒྱུར་བྱེད་ཐབས་བྱེད་ཅིང་། དེ་ཡང་རྒྱུ་མཚན་དང་གནས་ལུགས་ཆེན་པོ་ཡོད་པ་དང་། ཐ་ན་རྒྱལ་ཁབ་བམ་མི་རིགས་ཆུང་བ་དེ་ཉེན་ཁ་ཆེན་པོ་ཞིག་ལས་སྐྱོབ་བཞིན་པ་ལྟ་བུའི་དྲིལ་བསྒྲགས་དང་བསླུ་བྲིད་བྱེད་སྟངས་ནི་གཅིག་གྱུར་ལྟ་བུ་ཡིན། གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན། དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དང་། ད་ལྟའི་ཆར་ཨུ་རུ་སུས་ཡུཀ་རན་ལ་བཙན་འཛུལ་དཔུང་འཇུག་བྱས་པ་གཉིས་གཤིབས་བསྡུར་ཅུང་ཙམ་བྱ་རྒྱུ་ཡིན།

དང་པོ་དམིགས་ཡུལ་དང་འཆར་གཞིའི་ཐོག་ནས་རྒྱ་ནག་དང་། ཨུ་རུ་སུ་གཉིས་ཀྱིས་བོད་དང་། ཡུཀ་རན་གཉིས་དབང་བསྒྱུར་བྱ་རྒྱུའི་བསམ་བློ་དང་འཆར་འགོད་བྱེད་སྟངས་གཅིག་མཚུངས་ཡིན། དེ་བཞིན་དྲིལ་བསྒྲགས་ཀྱི་ཐོག་ནས་ཀྱང་ཁ་གཡར་སྟངས་གཅིག་མཚུངས་ཡིན་ཏེ། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་དེ་བཀས་བཀོད་རྒྱུན་འཛིན་ལམ་ལུགས་པ་དག་གི་དབང་བསྒྱུར་དང་། ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱི་ཤུགས་རྐྱེན་འོག་ནས་བཅིངས་གྲོལ་གཏོང་ཆེད་ཡིན་པ་མ་ཟད། དེ་ཡང་དམངས་གཙོའི་ལམ་ལུགས་ལ་བརྟེན་ནས་བཅོས་བསྒྱུར་བྱ་རྒྱུའི་ཁ་གཡང་བསྒྲགས་ཡོད་པ་རེད། ད་ལྟའི་ཆར་ཨུ་རུ་སུས་ཀྱང་ཡུཀ་རན་ནུབ་ཕྱོགས་པའི་དབང་བསྒྱུར་འོག་ནས་ཐར་ཆེད་དམག་དཔུང་ལ་བརྟེན་ནས་གཤགས་བཅོས་ཤིག་བྱེད་རྒྱུ་ཡིན་ཚུལ་བརྗོད་བཞིན་འདུག ད་དུང་ཡུཀ་རན་ཨ་རིས་སྣེ་ཁྲིད་པའི་བྱང་ཆིངས་དོན་སྒྲིག་འཛུགས་(ΝΑΤΟ)ཀྱི་ཁོངས་སུ་ཞུགས་ནས་ཨུ་རུ་སུ་ལ་ཉེན་ཁ་བཟོ་རྒྱུའི་དམིགས་ཡུལ་ཡོད་ཚུལ་སོགས་ཀྱང་བརྗོད་བཞིན་པ་རེད། 

དོན་དངོས་སུ་རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱེད་ཐུབ་ན་བོད་ཡུལ་ས་ཆ་རྒྱ་ཆེ་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པ། མི་འབོར་ཉུང་བ་སོགས་ཀྱི་ཐོག་ནས་མ་འོངས་པར་རྒྱ་ནག་ཡར་རྒྱས་གཏོང་རྒྱུར་ཁེ་ཕན་ཆེན་པོ་ཡོད་པ་དང་། ཕྱོགས་གཅིག་ནས་བོད་རྒྱ་ནག་གིས་དབང་བསྒྱུར་བྱེད་ཐུབ་ན་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་རྒྱལ་ཁབ་ཁག་ཅིག་གི་ས་མཚམས་སུ་རྒྱ་ནག་གི་དབང་ཤུགས་སླེབས་ཐུབ་པས། མ་འོངས་པར་རིམ་པས་གོ་སྐབས་བྱུང་ན་རྒྱལ་ཁབ་དེ་དག་གི་རྒྱལ་ཁོངས་སུ་རྒྱ་ནག་གཞུང་གི་དབང་ཤུགས་རྒྱ་བསྐྱེད་གཏོང་རྒྱུའི་བསམ་བློ་ཡོད་པ་ནི། ཕྱི་ལོ་༡༩༦༢ ནས་བཟུང་གསལ་པོ་ཆགས་ཡོད་ལ། ལྷག་པར་ལོ་ཤས་སྔོན་ནས་བོད་དང་རྒྱ་གར་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་གདོང་ཐུག་མང་པོ་བྱུང་ཡོད་པ་འདིས་གསལ་པོར་གྱུར་ཡོད། དེ་བཞིན་ཨུ་རུ་སུས་ཀྱང་དང་པོ་ཡུཀ་རན་དབང་བསྒྱུར་བྱེད་ཐུབ་ན་རིམ་བཞིན་ཡུ་རོབ་ཀྱི་ཡུལ་གྲུ་ཁག་ལ་དཔུང་འཇུག་དང་རྒྱ་བསྐྱེད་བྱ་རྒྱུའི་བསམ་བློ་ཡོད་པ་རྒྱ་གཞུང་དང་གཅིག་མཚུངས་སུ་གྱུར་ཡོད།

མི་འདྲ་ས་ཆེ་ཤོས་ནི། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་ཤར་ཕྱོགས་སུ་རྒྱ་གཞུང་གིས་དཔུང་འཇུག་བྱེད་སྐབས་ནུབ་ཕྱོགས་སུ་ཡོད་པའི་བོད་གཞུང་གིས་ཤེས་རྟོགས་གསལ་པོ་མེད་པ་མ་ཟད། ལུང་ཚན་བྱེ་བྲག་པ་རེར་དཔུང་འཇུག་བྱེད་སྐབས་དེའི་ཉེ་འགྲམ་དུ་ཡོད་མཁན་དག་གིས་ཀྱང་ཇི་བཞིན་ཤེས་རྟོགས་མེད་ལ། དཔུང་རོགས་དང་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་ནི་དེ་བས་ཀྱང་དཀོན་པས། བོད་ལ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱེད་བཞིན་ཡོད་པའི་གནས་སྟངས་ཇི་བཞིན་རྒྱལ་སྤྱིའི་སྟེང་དུ་རྒྱབ་སྐྱོར་ལྟ་ཅི་ཤེས་རྟོགས་གསལ་པོ་ཙམ་ཡང་མེད་པ་ནི་སྨྲོས་མི་དགོས་པ་རེད། ཡུཀ་རན་ལ་ཨུ་རུ་སུས་བཙན་འཛུལ་དཔུང་འཇུག་བྱེད་བཞིན་པའི་སྐབས་འདིར་ཉི་མ་ནས་ཉི་མ། ཆུ་ཚོད་ནས་ཆུ་ཚོད་ཚང་མ་འཛམ་གླིང་ཤར་ནུབ་ཀྱི་སྲིད་གཞུང་ཁག་གིས་ཤེས་རྟོགས་ཡོད་པ་དང་། དེ་བཞིན་དྲ་རྒྱའི་དུས་རབས་འདིར་མི་མང་གི་ངོས་ནས་ཀྱང་ཤེས་ཐུབ་ཀྱི་ཡོད་པས། ཡུཀ་རན་ལ་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་དང་དཔུང་རོགས་སོགས་བྱེད་མཁན་ནི་ཧ་ཅང་མང་པོ་རེད།

སྐབས་དེར་འཛམ་གླིང་སྤྱི་ཡོངས་ནས་འཕྲུལ་ཆས་ཐོག་དེང་དུས་ཅན་དུ་འགྱུར་རྒྱུ་ཡིན་པས། བོད་པར་དེང་དུས་ཀྱི་མཐུན་རྐྱེན་མེད་པ་དང་། སྲིད་གཞུང་དང་མི་མང་ལ་ཤེས་ཡོན་དང་བསམ་བློའི་གོ་རྟོགས་སོགས་གང་ཐད་ནས་ད་ལྟའི་ཡུཀ་རན་དང་ས་དང་གནམ་གྱི་ཁྱད་པར་ཡོད། དེར་བརྟེན་ཡུཀ་རན་ལ་ཨུ་རུ་སུས་བཙན་འཛུལ་བྱས་ཀྱང་ཡུཀ་རན་ལ་མི་འབོར་གྱི་ཆ་ནས་ས་ཡ་༤༤ ལྷག་ཡོད་པ་དང་། དམག་དཔུང་གི་ཐོག་ནས་ཀྱང་ས་ཡ་གཅིག་ལ་ཉེ་བ་ཙམ་ཡོད་པས་སྔོན་མ་བོད་གཞུང་ལ་དམག་དཔུང་ཡོངས་རྫོགས་བསྡོམས་ན་ཁྲི་གཅིག་ཡོད་མེད་ཙམ་ལས་མེད་སྟབས་གནས་སྟངས་འདི་དག་གི་ཐོག་ནས་བསྡུར་ཐབས་གཏན་ནས་མེད། གནས་སྐབས་ཡུཀ་རན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། མ་འོངས་པར་ཨུ་རུ་སུའི་དབང་བསྒྱུར་འོག་འགྲོ་མི་སྲིད་པ་ལྟ་བུར་གྱུར་ཡོད། ཚོད་དཔག་དེ་ལྟ་བུ་བྱེད་དགོས་པའི་རྒྱུ་མཚན་ནི། གཙོ་བོ་གོང་དུ་བརྗོད་པའི་རྒྱུ་མཚན་དེ་དག་དང་གཙོ་བོ་ཡུཀ་རན་གྱི་འགོ་ཁྲིད་དང་མི་མང་གི་སྙིང་སྟོབས་སོགས་གང་ཐད་ནས་གཞི་འཛིན་ས་ཆེན་པོ་ཡོད།།