བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་འབྲེལ་བའི་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཞིག་གནས་མཆོག་རྡོར་གདན་དུ་འཚོག་རྒྱུ་རེད་འདུག
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་འཚོག་གཏན་ཁེལ་འདུག
དེ་རིང་ཕྱི་ཚེས་༢༦ ཉིན་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་ཚོགས་བརྡའི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ། ཟླ་བ་རྗེས་མའི་ཚེས་༣་ནས་༤་བར་དུས་ཡུན་ཉིན་གཉིས་རིང་། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་གཏན་འཁེལ་འདུག་པ་དང་། ཚོགས་འདུ་འདིར་མཁས་དབང་ཁག་མཉམ་འཛོམས་ཀྱིས་གནའ་བོའི་རིག་གཞུང་གི་ཡུན་གནས་ཕན་ཐོགས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག དེ་བཞིན་གསལ་བསྒྲགས་ནང་དུ། བགྲོ་གླེང་ཚོགས་འདུ་འདི་བཞིན་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་གནའ་བོའི་རིག་གཞུང་གཏིང་ཟབ་རྣམས་འཛམ་གླིང་ནང་ཁྱབ་སྤེལ་དང་རིག་གནས་མི་འདྲ་བ་སྣ་ཚོགས་ཐོག་སློབ་གཉེར་གནང་སའི་ལྟེ་གནས་གལ་ཆེན་ཞིག་འཛུགས་སྐྲུན་གནང་རྒྱུའི་ཐད་མདུན་བསྐྱོད་གལ་ཆེ་ཞིག་ཀྱང་ཡིན་པར་འཁོད་པ་དང་། ལྟེ་གནས་ཁང་འདི་༧གོང་ས་སྐྱབས་མགོན་ཆེན་པོས་གནས་མཆོག་རྡོ་རྗེ་གདན་དུ་འཛུགས་སྐྲུན་གནང་བ་འདིས་༧གོང་ས་མཆོག་དང་གནས་མཆོག་ཁྱད་པར་ཅན་འདི་ཉིད་ཀྱི་དབར་རྒྱུན་གནས་དམ་ཟབ་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་མཚོན་ཐུབ་ཅེས་དང་། རིག་གཞུང་གི་ལྟེ་གནས་ཁང་འདི་ནི་ནང་དོན་རིག་པ་དང་། བཟང་སྤྱོད། སྒོམ་སྒྲུབ་ཀྱི་སྲོལ་རྒྱུན་བཅས་ལ་སློབ་གཉེར་གནང་སའི་འཛམ་གླིང་ལྟེ་གནས་ཤིག་ཏུ་འགྱུར་རྒྱུའི་རེ་སྨོན་ཞུ་བཞིན་ཡོད་པ་སོགས་དང་། དེ་བཞིན་བགྲོ་གླེང་ཚོགས་འདུ་འདི་ནི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་ཆགས་ཡོད་པ་སོགས་འཁོད་འདུག་ལ། དུས་ཡུན་ཉིན་གཉིས་རིང་གི་ཚོགས་འདུའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། ༡ བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་རིན་ཐང་དང་། དེ་དག་དེང་གི་སྤྱི་ཚོགས་ལ་ཕན་གནོད་ཀྱི་འབྲེལ་བ་ཆགས་ཚུལ། ༢ རྒྱ་གར་གྱི་གྲུབ་མཐའ་ཁག་གི་དངོས་པོའི་གནས་ལུགས་ཀྱི་རྣམ་གཞག་མི་འདྲ་བའི་སྐོར། ༣ རྣམ་ཤེས་ཀྱི་ངོ་བོ་དང་དེ་ལ་གྲུབ་མཐའི་འགྲེལ་བརྗོད་མི་འདྲ་བའི་སྐོར། ༤ རྒྱ་གར་དང་བོད་ཀྱི་གཏན་ཚིགས་དང་ཚད་མ་རིག་པའི་རྣམ་གཞག ༥ བོད་དང་རྒྱ་གར་གྱི་སྲོལ་རྒྱུན་ནང་ལྟ་གྲུབ་རིག་པའི་བརྡ་སྤྲོད་ཀྱི་སྐོར། ༦ རྒྱ་གར་དང་བོད་ཀྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་དང་། དེ་དག་དེང་རབས་ལག་བསྟར་ཇི་ལྟ་བྱ་ཚུལ། ༧ སྒོམ་སྒྲུབ་ཉམས་ལེན་དང་དེང་གི་སྤྱི་ཚོགས་ནང་དེ་དག་གི་གནས་བབས་བཅས་ཡིན་འདུག གཞན་ཡང་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ནི་རྒྱ་གར་བི་ཧཱར་མངའ་སྡེའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འཛུགས་སྐྲུན་གནང་ཞིང་། ལྟེ་གནས་ཁང་དེ་ནི་མཉམ་ཞིབ་དང་ཤེས་ཡོན། དེ་བཞིན་བོད་དང་རྒྱ་གར་གནའ་བོའི་ལྟ་གྲུབ་ཀྱི་སྲོལ་རྒྱུན་བཅས་ལ་དེང་དུས་དང་འཚམ་པའི་འགྱུར་བཅོས་ཀྱི་ནུས་པ་ཐོན་པ་ཞིག་གི་ཆེད་དམིགས་པ་ཞིག་ཡིན་པ་དང་། དེ་ཡང་མཁས་པའི་ཞིབ་འཇུག་དང་། བགྲོ་གླེང་། མཉམ་འབྲེལ་གྱི་ལམ་ནས་གནའ་བོའི་རིག་གཞུང་ཟབ་མོ་རྣམས་དེང་གི་འཛམ་གླིང་ནང་གླེང་མོལ་དང་། བྱམས་བརྩེ་དང་ལྡན་པ་ཇི་མང་སྐྱོང་བ་དང་། བཟང་སྤྱོད་དང་རྒྱུན་གནས་ཐུབ་པའི་འཛམ་གླིང་གི་ཞིག་སྐྲུན་ཐུབ་པར་འབད་རྩོལ་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་ནང་འཁོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།


