བོད་དང་ཧོང་ཀོང་གཉིས་ལ་བལྟས་ན་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མཐུན་ཡོང་ཐབས་མེད་པ་གསལ་བོ་རེད་ཟེར།

ཐེ་ཝན་གྱི་འཕྲུལ་རིགས་ཚོང་པ་སྒོར་ཐེར་འབུམ་ཡོད་པའི་ཕྱུག་བདག་(Terry Gou)ཟེར་བ་དེ་ཡིས། མ་འོངས་པར་རྒྱ་ནག་དང་ཐེ་ཝན་གཉིས་བར་ཞི་བའི་གྲོས་མཐུན་བཞག་པའི་ཐོག་ནས་མཉམ་གནས་ཡོང་ཐབས་བྱེད་རྒྱུ་ཡིན་ཚུལ་བརྗོད་པ་དེ་ལ། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལའེ་ཁྲིན་ཏི(Lai Ching-te)ཡིས་ལན་འདེབས་བྱས་དོན་ལ། མ་འོངས་པར་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མཐུན་ཡོང་ཐབས་མེད་པ་བོད་དང་ཧོང་ཀོང་ལ་བལྟས་ན་ཤེས་ཐུབ། ཞི་བའི་གྲོས་མཐུན་བཞག་པའི་ཐོག་ནས་ཞི་བ་ཡོང་ཐབས་ཡོད་ན་བོད་ནང་ད་ལྟ་མྱོང་བཞིན་པའི་དཀའ་སྡུག་དེ་འདྲ་མྱོང་དགོས་དོན་ཡོད་མ་རེད་ཅེས་བརྗོད་ཡོད་འདུག
ཕྱི་ཚེས་༡༡ ཉིན་ཐེ་ཝན་གྱི་གསར་ཁང་(focus Taiwan ) ཟེར་བས་གནས་ཚུལ་སྤེལ་གསལ་ལ། གཟའ་ཉི་མའི་ཉིན་ལའེ་ཁྲིན་ཟེར་བའི་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མིས་བརྗོད་དོན། (Terry Gou)གྱིས་བརྗོད་པའི་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མཐུན་འཇོག་རྒྱུ་ཡིན་ཟེར་བ་དེ་ངོས་ལེན་མེད་པ་དང་། རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མཐུན་བཞག་ནས་ཞི་བ་ཞིག་ཡོང་མིན་བོད་དང་ཧོང་ཀོང་ལ་བལྟས་ན་ཤེས་ཐུབ་ཀྱི་སྐོར་བརྗོད་ཡོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་ཞི་བའི་གྲོས་མཐུན་བཞག་ནས་ཞི་བ་ཡོང་གི་ཡོད་ན་བོད་ནང་ད་ལྟ་ནང་བཞིན་དཀའ་སྡུག་མྱོང་དགོས་དོན་ཡོད་མ་རེད་ཅེས་བརྗོད་ཡོད་འདུག ཁོང་གིས་བོད་ནང་ཞི་བའི་གྲོས་མཐུན་ཟེར་བ་ནི་ཕྱི་ལོ་༡༩༥༡ ལོར་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་སྐོར་བརྗོད་ཀྱི་ཡོད་འདུག་ལ། ཞི་བའི་གྲོས་མཐུན་ནང་ཚད་མཐོའི་རང་སྲིད་རང་སྐྱོང་སྤྲད་རྒྱུ་ཡིན་ཚུལ་གྲོས་མཐུན་ནང་ཡོད་ཀྱང་། དུས་ད་ལྟ་ཡང་དམ་དྲག་ཁོ་ནའི་འོག་གནས་ཡོད་ཅེས་བརྗོད་ཡོད་འདུག ཡང་ཁོང་གིས་བརྗོད་དོན་ལ་འོས་མི་འགའ་ཤས་ཀྱིས་ཕྱི་ལོ་༡༩༩༢ ལོའི་གྲོས་མཐུན་སྐོར་བཤད་ཀྱི་ཡོད་པ་དང་། གྲོས་མཐུན་དེའི་ནང་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཤད་ཀྱི་ཡོད་ཀྱང་ངོས་ལེན་བྱེད་ཀྱི་མེད། ཕྱི་ལོ་༡༩༩༧ ཟླ་བ་༦ ཚེས་༡ ཉིན་ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་འོག་སྤྲད་ཡོད་པ་དང་། ལོ་༥༠ ནང་རང་སྲིད་རང་སྐྱོང་བྱས་ནས་སྡོད་རྒྱུར་གྲོས་མཐུན་བཞག་ཡོད་ཀྱང་། ད་ཆར་རྒྱ་ནག་དང་ཧོང་ཀོང་གཉིས་ཀྱི་བར་བཞག་པའི་གྲོས་མཐུན་རྣམས་མེད་པ་གྱུར་ཟིན་པ་རེད་ཅེས་བརྗོད།

ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་(Hou Yu-ih)ཡིས། ཕྱི་ཟླ་༦ ནང་ཕྱི་ལོ་༡༩༩༢ ལོའི་རྒྱ་ནག་གཅིག་ལ་འགྲེལ་ལུགས་གཉིས་ཡོད་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག འགྲེལ་ལུགས་གཉིས་ནི་( Repubic of China ) (people’s Repubic of China)ཟེར་བ་གཉིས་ཡོད་འདུག ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་( Repubic of China)ཟེར་བ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལའེ་ཁྲིན་གྱིས་དམངས་གཙོའི་སྐོར་བརྗོད་དོན་ལ། མི་འགའ་ཤས་ཀྱིས་དམངས་གཙོ་ཟེར་བ་ནི་ལྟ་གྲུབ་གཅིག་ཡིན་པས། ལྟ་གྲུབ་དེ་ཡིས་མི་མང་གི་འཚོ་གནས་ཡག་པོ་ཞིག་སྐྲུན་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང་། གལ་སྲིད་དམངས་གཙོ་མེད་ན་ཐེ་ཝན་ནང་ད་ལྟ་ཡོད་པའི་རང་དབང་ཞིག་ནམ་ཡང་ཡོད་མི་སྲིད་ཅེས་བརྗོད་འདུག ཁོང་གིས་བརྗོད་དོན་ལ་ཡོང་རྒྱུའི་ཕྱི་ཟླ་༡ ཚེས་༡༣ ཉིན་ཐེ་ཝན་མི་མང་ལ་གདམ་ཀ་གཉིས་ཡོད་པ་དང་། གཅིག་ནི་རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་བཞིན་མུ་མཐུད་ནས་འགྲོ་རྒྱུ་ཡིན་ནམ། ཡང་ན་གཅིག་བསྡུ་དབང་འཛིན་རིང་ལུགས་འོག་ཏུ་འཇིགས་སྣང་དངངས་སྐྲག་འོག་སྡོད་རྒྱུ་ཡིན་། དེ་ནི་ཐེ་ཝན་མི་མང་གིས་གདམ་ཀ་གཟབ་ནན་ངང་བྱེད་དགོས་པ་ཞིག་རེད་ཅེས་བརྗོད་འདུག ཁོང་གིས་ཐེ་ཝན་བདེ་སྲུང་སྐོར་བརྗོད་དོན་ལ་ད་ཆར་ཐེ་ཝན་གྱིས་ཨ་རི་ནས་གོ་ལག་མང་པོ་ཞིག་ཉོ་བཞིན་ཡོད་པ་དང་། མ་འོངས་པར་རང་སྲུང་ཐུབ་པའི་བདེ་སྲུང་ཡོང་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། ཁོང་ནི་ཁ་ཞེ་གཉིས་མེད་ཀྱིས་ཐེ་ཝན་གྱི་རང་བཙན་ཡོང་ཐབས་ལ་འབད་མཁན་ངོ་མ་དེ་ཡིན་པར་བརྗོད་འདུག ཁོང་ནི་ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་འོས་མིའི་ཁྲོད་ནས་མི་མང་གིས་དགའ་མོས་མང་ཤོས་བྱེད་སའི་འོས་མི་ཞིག་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།