ཆེད་བརྗོད།
ཕྱི་ལོ་༢༠༡༩ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ཝུ་ཧན་ནས་ཐོན་པའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་ཅིང་། ནད་ཡམས་དེ་དར་ཁྱབ་བྱུང་ནས་ད་བར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་ནད་ཡམས་ཕོག་མཁན་གྲངས་༦༧༡,༦༠༣,༢༣༢(དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་གཅིག་དྲུག་འབུམ་ཁྲི་མེད་སུམ་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་)བྱུང་ཡོད་པ་དང། འདས་གྲོངས་སུ་གྱུར་པ་༦,༧༣༢,༡༡༩ (ས་ཡ་དྲུག་དང་བདུན་འབུམ་སུམ་ཁྲི་ཉིས་སྟོང་བརྒྱ་དང་བཅུ་དགུ་)བྱུང་ཡོད་པ་རེད། ནད་ཡམས་དེ་ལ་བརྟེན་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དཔལ་འབྱོར་གྱི་ཐོག་ནས་ཀྱང་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་ཅིང།རྒྱ་ནག་གིས་གྲངས་ཐོ་ཕྱིར་བསྒྲགས་བྱས་པ་ལྟར་ན་ད་བར་ནད་ཡམས་ཕོག་མཁན་མི་གྲངས་ས་ཡ་གཉིས་ལྷག་ཙམ་དང་། འདས་གྲོངས་སུ་གྱུར་མཁན་གྲངས་༥༢༧༣ ལས་བྱུང་མེད་ཚུལ་བརྗོད་བཞིན་ཡོད་ཀྱང་། དོན་དུ་དེ་ལས་བརྒལ་ནས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་ཕྱིན་དང་འགྲོ་བཞིན་ཡོད་འདུག
རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནད་ཡམས་ཕོག་མཁན་གྱི་གྲངས་ཀ་དང་། འདས་གྲོངས་སུ་གྱུར་པའི་གནས་ཚུལ་ནི་དངོས་བདེན་ཞིག་མིན་པར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་ནད་དུག་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་སྦས་གསང་མེད་པར་ཕྱི་གསལ་ནང་གསལ་གྱི་ཐོག་ནས་མཁོ་སྤྲོད་བྱ་དགོས་པའི་རེ་འབོད་ཡང་ཡང་བྱས་ཡོད་ཀྱང་། རྒྱ་ནག་གིས་འདྲི་བརྩད་དེ་ལ་གཡོལ་ཐབས་ཀྱིས་ནད་དུག་དང་འབྲེལ་བའི་གནད་དོན་ལ་རྩད་གཅོད་བྱེད་དགོས་དོན་མེད་ཅེས་བརྡ་ལན་སྤྲད་ཡོད། གཞན་ཡང་ཨ་མེ་རི་ཀ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཉི་ཤུ་ལྷག་གིས་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་རྣམས་ལ་གཟུགས་པོ་བརྟག་དཔྱད་བྱེད་དགོས་པ་དང་ཟུར་བཀག་བྱེད་དགོས་པ་སོགས་ཀྱི་སྒྲིག་གཞི་གསར་པ་ལག་བསྟར་བྱས་ཡོད། རྒྱ་གཞུང་གིས་ནད་ཡམས་ཀྱི་གནས་སྟངས་སྐོར་ཕྱི་ནང་གང་སར་སྦས་གསང་འབའ་ཞིག་བྱས་པའི་གནས་ཚུལ་ལ་བརྟེན། དོན་དངོས་ཀྱི་གྲངས་ཀ་ཞིག་རག་ཐུབ་ཀྱི་མེད་པ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་ཀྱང་སྐད་ངན་ཤོར་ཡོད།
དཔེར་ན་ཉེ་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གྱིས་རྒྱ་ནག་གི་ནད་དུག་སྐོར་གྱི་གྲངས་ཀ་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་ཀྱིས། རྒྱལ་སྤྱིའི་གྲངས་འབོར་ནང་ཡོད་པའི་རྒྱ་ནག་གི་གྲངས་ཀ་དེ་ཚོ་ནི་ཚོད་དཔག་དམའ་བ་བྱས་པ་ཞིག་ཡིན་ཞེས་བརྗོད་པའི་གནས་ཚུལ་ཐོན་ཡོད། གང་ལྟར་རྒྱ་གཞུང་གིས་གནས་ཚུལ་གང་ཡིན་ཡང་ཕྱི་གསལ་ནང་གསལ་མི་བྱེད་པར་སྦས་སྐུང་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན་པས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐོག་མ་རྒྱ་ནག་གི་རྒྱབ་རྩར་ལངས་ནས་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་ཀྱང་། ཕྱིས་སུ་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱིས་མི་རྒྱུ་གཉིས་ལ་གོད་ཆག་ཚད་ལས་བརྒལ་བ་ཞིག་བཏང་བ་མ་ཟད། རྒྱ་གཞུང་གིས་ནད་ཡམས་དེའི་ཐོག་མའི་བྱུང་རྐྱེན་ཙམ་མིན་པར་ད་ལྟའི་གནས་སྟངས་ཀྱང་ཕྱི་གསལ་ནང་གསལ་མ་བྱས་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་ཆར་སྐྱོན་བརྗོད་བྱེད་དགོས་བྱུང་ཡོད། ད་ཆ་འཛམ་གླིང་སྤྱི་ཡོངས་སུ་ནད་ཡམས་ཀྱི་གནས་སྟངས་ཞི་འཇམ་དུ་གྱུར་ཡོད་ཀྱང་རྒྱ་ནག་ནང་ཧ་ཅང་དར་ཁྱབ་འབྱུང་བཞིན་ཡོད་འདུག
རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཟེར་བའི་སྲིད་བྱུས་ལག་བསྟར་གྱིས་རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་ཧ་ཅང་ཤུགས་ཆེ་བྱས་པར། སྤྱི་ཚོགས་ནང་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་བས་སྲིད་བྱུས་དེ་ལྷོད་དུ་བཏང་ཡང་། ད་ལྟའི་ཆར་རྒྱ་ནག་ཁྱོན་ཡོངས་སུ་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་ཡོད་འདུག་པ་དང་། ལྷག་པར་བོད་ནང་དུ་ནད་ཡམས་དེ་ལ་བརྟེན་ནས་བགྲེས་སོང་རྣམ་པ་གཙོ་བོར་གྱུར་པའི་འདས་གྲོངས་སུ་གྱུར་མཁན་མང་པོ་ཡོང་བཞིན་འདུག རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་ནའང་། ནད་ཡམས་ཕོག་མཁན་དང་འདས་གྲོངས་སུ་གྱུར་མཁན་མང་པོ་ཡོད་པས། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་ལ་ནུས་པ་མེད་པའམ། ཡང་ན་སྔོན་འགོག་སྨན་ཁབ་རྫུན་མ་བརྒྱབ་པ་གང་ཡིན་ཆ་མ་འཚལ་ཡང་། རྒྱ་གཞུང་གི་སྔོན་འགོག་སྨན་ཁབ་ལ་མི་མང་ཡིད་ཆེས་མེད་པར་དམག་མི་གཙོ་བོར་གྱུར་པའི་མི་མང་པོ་ཞིག་གིས་རྒྱ་གཞུང་ལ་སྔོན་འགོག་སྨན་ཁབ་ཨ་རི་ནས་ནང་འདྲེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
མདོར་ན་རྩ་བས་ནད་ཡམས་ནི་མཐོ་དམན་དང་དབུལ་ཕྱུག་གི་ཁྱད་པར་མེད་པར་འཛམ་གླིང་སྤྱི་ཡོངས་ལ་གནོད་འཚེ་གཏོང་མཁན་ཞིག་ཡིན་པ་ལས། ཕྱོགས་དང་རིས་སུ་བཅད་ནས་ཐུབ་ཚོད་དང་གཉའ་གནོན་གཏོང་བའི་དམག་འཁྲུག་ལྟ་བུ་ཞིག་མིན་པས། འདི་ལ་ཁ་གཏད་གཅོག་སྐབས་ཆབ་སྲིད་དང་རིས་གཅོད་ཀྱི་བསམ་བློ་གཏོང་མི་འོས་པ་ཞིག་རེད། འོན་ཀྱང་ཏོག་དབྱིབས་གཉན་རིམས་འདི་ཐོག་མ་རྒྱ་ནག་ནས་དར་ཁྱབ་བྱུང་སྐབས་སྦས་གསང་བྱས་པ་དང་། རྒྱ་ནག་ནང་ཁུལ་དུ་དམ་དྲག་བྱས་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་འགྲིམ་འགྲུལ་བཀག་སྡོམ་མ་བྱས་པར་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་ཞིག་ཡིན་པས། ནད་ཡམས་འདི་ལ་བརྟེན་ནས་རྒྱ་གཞུང་ལ་འཛམ་གླིང་སྤྱི་ཡོངས་ནས་ལྟ་སྟངས་སྡུག་ཏུ་འགྲོ་དགོས་པའི་རྒྱུ་མཚན་འདི་བྱུང་བ་རེད། གང་ལྟར་ད་ལྟའི་ཆར་བོད་ས་སྟོད་སྨད་གང་སར་རྒྱ་གཞུང་གི་དྲིལ་བསྒྲགས་ལས་བརྒལ་ནས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པ་དང་། དེ་ལ་བརྟེན་ནས་བོད་མི་མང་པོ་ཞིག་གི་ཚེ་སྲོག་འཆོར་བཞིན་ཡོད་པའི་གནས་ཚུལ་ཧ་ཅང་བློ་འཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།།