བོད་དེ་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་ཏུ་མ་ཆགས་པ་བྱེད་དགོས།
སྲིད་སྐྱོང་བློ་བཟང་སེང་གེས་འགྲེམས་སྟོན་ཁང་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་བདེན་དཔང་བྱ་རྒྱུ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཀྱང་། བོད་དང་བོད་མི། བོད་ཀྱི་འཐབ་རྩོད་དེ་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་ཏུ་མ་ཆགས་པ་བྱེད་དགོས་སྐོར་གསུངས་སོང་།
ཟླ་འདིའི་ཚེས་༡༨ ཉིན་ནི་འཛམ་གླིང་ས་ཕྱོགས་གང་སར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁང་གི་འགྲེམས་སྟོན་ཚན་པའི་འཛིན་སྐྱོང་འོག་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་གཙོས་པའི་དང་། འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས། དོ་སྣང་ཅན་དང་སློབ་ཕྲུག་ཁག་ཅིག་བཅས་མཉམ་ཞུགས་ཀྱིས། ཉིན་མོ་དེ་སྲུང་བརྩི་བྱས་ཡོད་པ་རེད།།
ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས། ཉིན་མོ་འདིར་རྒྱལ་ཁབ་༡༤༥ ཡི་ནང་འགྲེམས་སྟོན་ཁང་མི་འདྲ་བ་སྟོང་ཕྲག་༣༥ ཡིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་འགྲེམས་སྟོན་ཁང་གིས་ཉིན་མོ་དེ་སྲུང་བརྩི་བྱས་པ་ཐེངས་གསུམ་པ་ཡིན་སྐོར་གསུངས་རྗེས། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་ལོ་རྒྱུས་འགྲེམས་སྟོན་ཐོག་ནས། རྒྱ་ནག་གིས་འཁྱོག་བཤད་ཀྱི་ལོ་རྒྱུས་སྨྲ་བཞིན་པར། གསལ་བཤད་དང་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་སྟངས་སོགས་ཁྱབ་བསྒྲགས་བྱེད་བཞིན་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བོད་དང་བོད་མི། བོད་ཀྱི་འཐབ་རྩོད་སོགས་ཀྱི་ལོ་རྒྱུས་འགོག་ཐབས་བྱེད་བཞིན་ཡོད་པས། འགྲེམས་སྟོན་ཁང་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་པ། དེ་བཞིན་སྔར་མཁས་དབང་ཟླ་བ་ནོར་བུས་ཧ་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཟླ་བ་༦ རིང་། བོད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བཞག་པའི་ཆིང་ཡིག་རྣམས་ཞིབ་འཇུག་དང་ཕྱོགས་བསྒྲིགས་བྱས་ཡོད་པ་ལྟར། ལོ་རྒྱུས་ཀྱི་གལ་ཆེའི་ཡིག་ཆ་རྣམས་ཕྱོགས་བསྒྲིགས་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་ཁང་པ་ཐོག་རྩེག་མཐོན་པོ་ཞིག་རྒྱག་བཞིན་ཡོད་པས། དེའི་ནང་དུ་ཐོག་རྩེག་གཅིག་བོད་ཀྱི་འགྲེམས་སྟོན་ཁང་རྒྱ་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དང་། འགྲེམས་སྟོན་ཁང་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་བདེན་དཔང་བྱ་རྒྱུ་གལ་ཆེན་ཡིན་ཡང་། བོད་དང་བོད་མི། འཐབ་རྩོད་སོགས་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་ཏུ་མ་ཆགས་པ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
རྗེས་སུ་ཁོང་གིས་ཉིན་གཉིས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་སྲུང་བརྩི་སྐབས་བརྗོད་གཞི་འདྲ་མིན་ཐོག་ལ་གཏམ་བཤད་བྱ་རྒྱུ་ཡིན་པའི་ཐོག་འགྲེལ་བརྗོད་གནང་སྐབས། བོད་པའི་སྤྱི་ཚོགས་དང་ཕོ་མོ་འདྲ་མཉམ་ཀྱི་བརྗོད་གཞི་སྐོར་དང་འབྲེལ་ནས། འདི་གར་འཛོམས་པའི་སློབ་ཕྲུག་བུ་མོ་ཚོར་གལ་ཏེ་སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད་སོགས་ཀྱིས་སློབ་ཕྲུག་ཚོར་བཙན་གཡེམ་དང་ཚུལ་མིན་གྱི་བྱ་སྤྱོད་ལ་འཇུག་པ་བྱུང་ཚེ། ཐད་ཀར་སློབ་སྤྱི་སོགས་ལ་སྙན་སེང་ཞུ་དགོས་པ་དང་། གལ་ཏེ་འབྲེལ་ཡོད་འགན་འཛིན་ཚོས་ཁ་ཡ་མ་བྱས་ཚེ། ཐད་ཀར་རྒྱ་གར་ཉེན་རྟོག་ཁང་དུ་ཞུ་གཏུག་བྱེད་དགོས་པ་ལས། གནད་དོན་དེའི་རིགས་སྣང་མེད་གཏོང་མི་རུང་སྐོར་ནན་བརྗོད་གནང་སོང་།
ཉིན་གཉིས་ཀྱི་ལས་རིམ་ནང་། ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་སྐོར་ལ་གཏམ་བཤད་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོས་འཛམ་གླིང་ཐོག་བོད་ཀྱི་མཐོ་སྒང་གི་གལ་གནད། དེ་བཞིན་བོད་ཀྱི་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་གྱིས་བོད་ཀྱི་དེང་དུས་སྒྱུ་རྩལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་བྱེད་བསྟན་འཛིན་ཆོས་འཛིན་གྱིས་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་སྐོར་གྱི་གཏམ་བཤད་ལས་རིམ་ཡོད་པ་རེད། དེ་བཞིན་བོད་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་ཅིག་བསྟན་རྒྱུ་རེད་འདུག ཉིན་གཉིས་པའི་མཇུག་སྡོམ་གྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།