བོད་དེ་འགྲེམས་སྟོན་ཁང་གི་ནང་དུ་གཏན་འཇགས་མ་ཆགས་ཆེད་དཀའ་ལས་རྒྱག་དགོས་རེད།
ཟླ་འདིའི་ཚེས ༡༨ དེ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༣༩ སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཉིན་གྲངས་གསུམ་རིང་དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སློབ་གྲྭ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་སྐོར་ངོ་སྤྲོད་གནང་སྐབས། རིག་གཞུང་མི་འདྲ་བ་ཡོད་པ་དེ་དག་ཕན་ཚུན་བརྗེ་ལེན་དང་རྒྱུས་ལོན་ཡོང་ཐབས་ཙམ་དུ་མ་ཟད། ཕན་ཚུན་མཐུན་ལམ་ཡོང་ཆེད་བཅས་ཡིན་སྐོར་དང་། ད་བར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་བཙུགས་ནས་ལོ་ངོ་བཅུ་དྲུག་ཙམ་གྱི་རིང་བོད་དོན་དྲིལ་བསྒྲགས་སླད་འགྲེམས་སྟོན་གྱི་ལས་དོན་ཇི་སྤེལ་དང་མང་ཚོགས་ཁྲོད་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་པར་རིས་དང་གློག་བརྙན། དེ་མཚུངས་དེང་དུས་ཀྱི་འཕྲུལ་པར་དང་དེབ་རིགས་སོགས་ཀྱི་ལམ་ནས་གོ་རྟོགས་རྒྱ་གང་ཆེ་སྤེལ་དང་སྤེལ་མུས་ཡིན་སྐོར་སོགས་གསུངས་སོང་།
འགྲེམས་སྟོན་དེའི་ནང་རྒྱ་ནག་གི་བོད་ལ་བཙན་འཛུལ་སྐོར་དང་། བཙན་བྱོལ་བོད་མིའི་གནས་བབས། ད་ལྟ་རྒྱ་ནག་གིས་བོད་ནང་དམ་དྲག་གི་གནས་སྟངས། བོད་མིའི་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་པར་དང་གློག་བརྙན་སོགས་ཕྱོགས་བསྒྲིགས་བྱས་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་འགྲེམས་སྟོན་དང་འབྲེལ་ནས་གསུང་བཤད་གནང་སྐབས། ང་ཚོས་བདེན་པའི་འཐབ་རྩོད་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་གང་བྱེད་ཀྱི་ཡོད་པ་དེར་དོ་སྣང་བྱས་ནས་ང་ཚོས་ཐད་ཀར་གདོང་ལེན་བྱས་རྗེས་བདེན་པ་ཁུངས་སྐྱེལ་ཐུབ་ན་ང་ཚོར་རྒྱལ་ཁ་ཐོབ་ཀྱི་ཡོད་སྐོར་དང་། ད་ལྟ་བོད་རྒྱ་འོག་ཏུ་མ་ཤོར་སྔོན་དངོས་སུ་མཐོང་མཁན་གྱི་མི་རབས་རྫོགས་འགྲོ་ཡི་ཡོད་པས། གཞོན་སྐྱེས་ཚོའི་སེམས་ནང་ལ་བོད་ཡོད་པ་ལས། དངོས་སུ་འདྲ་ཡིན་པ་མཐོང་མྱོང་མེད་པར་བརྟེན། དངོས་སུ་བོད་དེ་ཤེས་རྟོགས་ཡོང་ཐབས་སུ་འགྲེམས་སྟོན་རིགས་གལ་ཆེན་ཡིན་སྐོར་གསུངས་སོང་།
“ང་ཚོ་བོད་པ་ཡིན་པར་བརྟེན་བོད་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་འདྲ་ཡོད་མེད་དྲན་སྐུལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་དམིགས་ཡུལ་ནི་འགྲེམས་སྟོན་ཁང་གི་དྲ་རྒྱའི་ནང་ཁོ་པ་ཚོའི་དྲ་རྒྱ་སྔོན་ལ་སླེབས་ཐུབ་པ་བྱེད་རྒྱུ་ཁོ་ན་མིན། བོད་དེ་རྒྱ་སྡེར་འགྱུར་རྒྱུ་དང་བོད་རིགས་དེ་རྒྱ་རིགས་ལ་འགྱུར་རྒྱུའི་དམིགས་ཡུལ་བཟུང་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་ཆེད་འགྲེམས་སྟོན་ཁང་ནང་ཆ་ཤས་བླངས་ནས་རང་ཉིད་བོད་མི་ཡིན་པ་མ་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་”ཅེས་གསུངས་སོང་།
ཁོང་གིས་མཐུད་གསུང་དོན། “ང་ངོ་ཤེས་བལ་ཡུལ་མི་སྣ་དེ་ཚོ་དང་འཕྲད་སྐབས་ལྷ་ས་དེ་རྒྱ་ནག་གི་རེད་ཟེར་གྱི་འདུག དེར་བརྟེན་དོ་སྣང་དང་གོ་རྟོགས་མེད་པར་བསྡད་པ་ཡིན་ན་ང་རང་ཚོའི་མདུན་དེ་རང་དུ་བོད་དེ་རྒྱ་ཡུལ་དང་། བོད་རིགས་རྒྱ་རིགས་ཆགས་འགྲོ་གི་ཡོད་པ་རེད། ཁ་སང་ཚགས་ཤོག་ཅིག་གི་ནང་མཐོང་གསལ་ལྟར་ན། ལོ་བཅོ་ལྔའི་གོང་བལ་ཡུལ་ནང་རྒྱ་མི་ཁྲི་གཅིག་ཙམ་ལས་མེད་ཀྱང་ལོ་བཅུའི་ནང་རྒྱ་མིའི་མི་འབོར་ཁྲི་བཞི་ཙམ་ཆགས་པ་མ་ཟད། ཉེ་ཆར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་ནང་དུ་རྒྱ་མིའི་མི་འབོར་ཁྲི་དགུ་ཙམ་བསླེབས་ཚར་བ་རེད་ཅེས་བཀོད་འདུག རྒྱ་གར་ཁྱོན་ཡོངས་ཀྱི་ནང་བོད་མི་གྲངས་ཁྲི་དགུ་ཡོད། འགྲེམས་སྟོན་ཁང་འདི་གལ་ཆེན་པོ་ཡིན་དགོས་པའི་རྒྱུ་མཚན་ནི་དམིགས་ཡུལ་བཞིན་འགྲེམས་སྟོན་འདིའི་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང། གོམས་གཤིས་དང་ཆས་གོས་རྣམས་མི་རབས་གཅིག་ནས་གཅིག་ལ་ངོ་སྤྲོད་གནང་རྒྱུ་གལ་ཆེན་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་བོད་དེ་འགྲེམས་སྟོན་ཁང་གི་ནང་ལས་མཐོང་རྒྱུ་མེད་པ་ཆགས་ཉེན་ཡོད་སྐོར་གསུང་དོན། “འགྲེམས་སྟོན་ཁང་འདིར་བོད་མི་གཞོན་སྐྱེས་ཚོ་སླེབས་སྐབས། ཚོར་བ་ཆེན་པོ་དགོས་པ་རེད། བོད་དེ་འགྲེམས་སྟོན་ཁང་གི་ནང་དུ་གཏན་འཇགས་མ་ཆགས་པའི་དྲན་སྐུལ་དང་། གཏན་འཇགས་མ་ཆགས་པའི་ཆེད་དུ་དཀའ་ལས་རྒྱག་གི་ཡིན་བསམ་པ་ཞིག་དགོས་རེད་”ཅེས་གསུངས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།