བོད་དེ་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཡུལ་ཞིག་ལ་བཟོ་བཞིན་ཡོད་པར་བརྗོད་འདུག

ཉེ་ཆར་རྒྱ་ནག་ནང་རྒྱལ་ཡོངས་ཚོགས་འདུ་གཉིས་ཟེར་བ་དེ་ཕྱི་ཟླ་༣ པའི་ནང་འཚོགས་ཡོད་པ་དང་། ཚོགས་ཆེན་དེ་གཉིས་ཀྱི་ཐོག་ནས་བོད་ནང་རྒྱ་ནག་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དང་། གཞན་བཙན་གནོན་ཅན་གྱི་སྲིད་བྱུས་རྣམས་ལག་བསྟར་མུ་མཐུད་ནས་བྱེད་དགོས་པའི་སྐོར་བཤད་ཡོད་འདུག་ཅིང་། ཚོགས་ཆེན་དེ་གཉིས་ལ་ཡོང་མཁན་བོད་པའི་འཐུས་མི་ཟེར་བ་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་རྣམས་ལ་བསྟོད་བསྔགས་བྱས་ཡོད་ཚུལ་སོགས་རྒྱ་ནག་གཞུང་གི་གསར་ཁང་ཁག་གིས་བཀོད་ཡོད་འདུག

ཕྱི་ཚེས་༡༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་བཀོད་འདུག་པ་དང་།  སྙན་ཐོ་དེའི་ནང་ལོ་ལྟར་ཕྱི་ཟླ་༣ པའི་ནང་འཚོགས་སྲོལ་ཡོད་པའི་ཚོགས་ཆེན་གཉིས་ཟེར་བ་ཞིག་འཚོགས་སྲོལ་ཡོད་པ་དང་། འདི་ལོའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཟེར་བ་དེ་ཕྱི་ཚེས་༤ ནས་༡༡ བར་འཚོགས་ཡོད་ཅིང་། དེ་བཞིན་ཕྱི་ཟླ་༣ པའི་ཚེས་༤ ནས་༡༠ བར་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཟེར་བ་འཚོགས་ཡོད་པར་འཁོད་འདུག 

ཚོགས་འདུ་དེ་གཉིས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་སྤེལ་ཡོད་པ་མ་ཟད། ད་ལྟའི་ཆར་བོད་མི་རྣམས་རྒྱ་ནག་དམར་པོའི་གཞུང་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་གསར་པ་རྣམས་ཚོད་ལྟ་བྱེད་ས་ལྟ་བུར་ཆགས་ཡོད་པ་མངོན་གསལ་ཡིན་པར་བཀོད་འདུག དེ་བཞིན་སྙན་ཐོའི་ནང་དུ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱལ་སྤྱིའི་ཁུངས་ལྡན་སྙན་ཐོ་རིམ་པ་མང་པོ་བཏོན་མིན་ལ་མ་ལྟོས་པར། ཐེངས་འདིའི་ཚོགས་འདུའི་ནང་མཉམ་ཞུགས་བྱེད་མཁན་བོད་རིགས་སྐུ་ཚབ་རྣམས་ནས་ཁ་གཅིག་གྲག་གི་ཐོག་ནས་དེང་སྐབས་བོད་ནང་འཚོ་བ་བདེ་ཞིང་སྐྱིད་པ་དང་། མཐུན་སྒྲིལ་དང་ཆིག་སྒྲིལ་གྱི་དཔེ་མཚོན་ཡག་ཤོས་དེ་ཆགས་ཡོད་པ་སོགས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྲིད་བྱུས་ཁག་ལ་བསྔགས་བརྗོད་བྱས་ཡོད་སྐོར་གྱི་གནས་ཚུལ་ཐེར་འདོན་གནང་འདུག

དེ་བཞིན་ཐེངས་འདིའི་ཚོགས་འདུ་གཉིས་པོའི་ཐོག་བོད་ཀྱི་ས་ཁུལ་དང་འབྲེལ་བའི་ཚོགས་འདུའི་ཐོག་མཉམ་ཞུགས་བྱེད་མཁན་རྒྱ་ནག་དབུས་གཞུང་གི་རིག་གཞུང་དང་། ཡུལ་སྐོར་སྤྲོ་འཆམ་བློན་ཆེན་དང་། བོད་དང་འབྲེལ་བའི་འགོ་ཁྲིད་ཁག་ཅིག་གིས་བོད་ནང་བརྟན་ལྷིང་དང་འཛུགས་བསྐྲུན་ཡར་རྒྱས། ཁོར་ཡུག་དང་ས་མཚམས་སྲུང་སྐྱོབ་སྲ་བརྟན་བཟོ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་དུས་རབས་གསར་པའི་སྲིད་ཇུས་རྣམས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་དུས་ཀྱི་བསྒྱུར་བཅོས་དགོས་སྐོར་བཤད་པ། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་གཙོ་ཀརྨ་ཚེ་བརྟན་གྱིས་༸གོང་ས་མཆོག་གིས་ཕྱི་ལོ་༢༠༡༡ ལོ་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་ཟིན་ན་ཡང་། ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་བོད་ནང་གཞུང་གི་གཏན་འཇགས་སློབ་གྲྭ་རྣམས་ལ་སྐྱོན་བརྗོད་ཀྱི་བྱ་འགུལ་ཤུགས་ཆེན་སྤེལ་བཞིན་པར་གདོང་ལེན་བྱ་དགོས་པའི་གཏམ་བཤད་སྤེལ་བ་སོགས་རྒྱུན་ལྡན་གྱི་འཁྱོག་བཤད་དང་། གླེང་སློང་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་དང་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན་ཟེར་བའི་རྒྱ་ནག་གི་པཎ་ཆེན་ཡང་མཐོང་རྒྱུ་མེད་པ་སོགས་ཐེར་འདོན་གནང་འདུག

དེ་བཞིན་གནས་ཚུལ་འདིའི་སྐོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན་ལ། འདི་ལོའི་ཚོགས་འདུ་གཉིས་པོའི་ཐོག སྲིད་འཛིན་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཁྲོད་མི་རིགས་ཀྱི་ངོ་བོ་གཅིག་བསྒྱུར་གྱི་བསམ་བློ་ཤུགས་ཆེ་སྤེལ་དགོས་པའི་སྐོར་ལ་གླེང་སློང་ཤུགས་ཆེ་དང་སྦྲགས། ཕྱི་ཚེས་༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ (Zhao Leji )དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་(Wang Hunning)དེ་བཞིན་སྲིད་བློན་(Li Qiang)བཅས་ཀྱིས་གྲོས་ཚོགས་སུ་ཕུལ་བའི་ལས་དོན་སྙན་ཐོའི་ནང་གྲངས་ཉུང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་ཞིག་བཟོ་འཆར་ཡོད་སྐོར་བརྗོད་པ་བཞིན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ་ཡང་ཚོགས་བཅར་བའི་ཁྲོད་ཁྲིམས་གསར་པ་བཟོ་འཆར་དེར་དགའ་བསུ་ཞུ་བཞིན་ཡོད་པ་ཐེར་འདོན་དང་།  དེ་སྔོན་ཕྱི་ལོ་༢༠༢༠ ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཁབ་གཅིག་སྒྲིལ་གྱི་མིང་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བཞིན་དཔེ་སྟོན་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་ཁྲིམས་ལག་བསྟར་བྱས་པ་དེར། འདི་ལོ་བསྐྱར་བཅོས་བྱས་པའི་བརྒྱུད་བོད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་དང་། མི་སེར་དཀྱུས་མ་རྣམས་གཞུང་ལ་ལྐོག་ལན་སྤྲད་མཁན་དུ་བསྒྱུར་རྒྱུ་དེ་ཁྲིམས་མཐུན་བཟོས་པ་དེ་ནས་ད་རེས་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་འགོ་ཁྲིད་ཚོས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་གསར་པ་བཟོ་འཆར་ཡོད་པ་དེའི་གནད་འགག་གསལ་པོ་མངོན་རྒྱུ་ཡོད་པ་མ་ཟད། ཁྲིམས་འཆར་དེ་དག་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁྲིམས་དང་ཡོངས་སུ་རྒྱབ་འགལ་འགྲོ་ཡི་ཡོད་པ་དང་།  དེ་ནི་ཞི་ཅིན་ཕིང་གིས་ཉེན་ཁ་མེད་པ་བཟོས་ཏེ་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་བཟོ་རྒྱུའི་སྲིད་ཇུས་འོག་གྲངས་ཉུང་མི་རིགས་ཀྱི་ངོ་བོ་མེད་པ་བཟོས་ཏེ་། མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་གོང་འཕེལ་གཏོང་ཐབས་ཀྱི་ཐབས་ཇུས་ཞིག་ཡིན་པ་བཤད་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལག་བསྟར་བྱས་པའི་གྲངས་ཉུང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྒྲིག་དེ་ནི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཁྲིམས་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གཞུང་ཀྱི་ཁྲིམས་བཅས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་རྒྱབ་འགལ་འགྲོ་ཡི་ཡོད་སྐོར་དང་འབྲེལ། སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་དང་ད་ལྟའི་ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio )ཡིས་རྒྱ་ནག་གི་ཁྲིམས་སྒྲིག་དེ་དག་ནི་བོད་མིའི་རིག་གཞུང་རྣམས་རྒྱ་ནག་ཅན་དུ་བསྒྱུར་བའི་རྣམ་པ་གསལ་པོ་ཡིན་པ་དང་། བོད་མིའི་ཐོག་དམར་པོའི་གཞུང་གིས་སྟངས་འཛིན་དོ་ནན་དུ་གཏོང་རྒྱུའི་ལག་ཆ་ཡིན་པ་བརྗོད་ཡོད་པ་ལུང་འདྲེན་གནང་འདུག  དེ་བཞིན་ཕྱི་ལོ་(༢༠༢༠ )ལོར་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་ཁྲིམས་སྒྲིག་ལག་བསྟར་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་བདེ་འཇགས་སྲིད་ཇུས་ཀྱི་རྒྱལ་ཚོགས་སྐུ་ཚབ་དང་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་(Joseph Borrell )ཡིས་ཀྱང་དེ་མཚུངས་ཀྱི་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་དེ་དག་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་སོགས་ལུང་འདྲེན་གནང་འདུག གང་ལྟར་འདི་ལོའི་ཚོགས་འདུ་གཉིས་པོའི་ཐོག་ནས་ཁྲིམས་གསར་པ་བཟོ་འཆར་ཡོད་པ་དེའི་བརྒྱུད་དེ་སྔ་བོད་དེ་བཞིན་དཔེ་སྟོན་ས་ཁུལ་བཟོ་རྒྱུའི་སྲིད་ཇུས་དེ་རྒྱ་ནག་ཁྱོན་གྱི་ནང་དུ་ལག་བསྟར་བྱ་འཆར་ཡོད་པ་མངོན་རྒྱུ་ཡོད་སྐོར་བཤད་འདུག

ལྷག་པར་དུ་ད་ལྟའི་ཆབ་སྲིད་ཁོར་ཡུག་འདིའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཁྲིམས་གསར་པ་འདི་གཏན་འབེབས་བྱས་པའི་རྗེས་སུ་རྒྱ་ནག་གི་གྲངས་ཉུང་མི་རིགས་རང་སྐྱོང་ཀྱི་ཁྲིམས་ལ་ཡང་བགྱུར་བ་གཏོང་སྲིད་པ་དང་། དེ་ལྟར་བྱུང་བ་ཡིན་ན་ད་ལྟ་རྒྱ་ནག་གི་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ལ་ཐོབ་ཐང་གང་ཙམ་ཡོད་པ་ཟེར་བ་དེ་ཡང་མེད་པར་འགྱུར་ཉེན་ཡོད་པ་མ་ཟད། དེས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཡང་རིམ་པས་ཤུགས་རྐྱེན་ཐེབས་ངེས་ཡིན་པར་བརྗོད་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།