བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བསྐྱར་ནན་བྱ་རྒྱུ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཊོཀ་ཡོ་སྤྱི་བསྒྲགས་ཞེས་པའི་བསྒྲགས་གཏམ་ཞིག་གཏན་འབེབས་གནང་འདུག

ཟླ་འདིའི་ཚེས་༣ དང་༤ བཅས་ཉིན་གྲངས་གཉིས་ཀྱི་རིང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག རྒྱལ་ཁབ་༢༩ ཡི་གྲོས་ཚོགས་འཐུས་མི་མཉམ་ཞུགས་ཐོག ཉི་ཧོང་གི་རྒྱལ་ས་ལ་རྟེན་གཞི་བྱས་པའི་ཉི་ཧོང་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་ཁང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ཚོགས་ནས་ཊོཀ་ཡོ་སྤྱི་བསྒྲགས་ཞེས་པ་ཞིག་གཏན་འབེབས་གནང་འདུག ཐེངས་འདིར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་ལས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཇེ་མང་དུ་ཕྱིན་ཡོད་འདུག
ཕྱི་ཟླ་༦ པའི་ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་ཊོཀ་ཡོ་སྤྱི་བསྒྲགས་དང་འབྲེལ་བའི་གནས་ཚུལ་སྤེལ་དོན། ཕྱི་ལོ་༡༩༥༠ ལོར་རྒྱ་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་མ་བྱས་པའི་གོང་ལ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་བསྐྱར་ནན་བྱ་རྒྱུ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ། ཡང་ན། མང་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་སླར་གསོ་ཡོང་བར་རྒྱ་ནག་དམར་གཞུང་ལ་སྐུལ་འདེད་བྱ་རྒྱུ།
རྒྱ་གཞུང་གིས་བོད་ནང་གདུག་སྦྱོང་མནར་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར། བོད་མི་རྣམས་ཀྱིས་སོ་སོའི་རང་དབང་དང་། ཐོབ་ཐང་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ།
བཙན་གནོན་ཐོག་མི་རིགས་མཉམ་བསྲེས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བ་དང་། གཏན་འཇགས་སློབ་གྲྭར་སློབ་འཇུག་བྱེད་འཇུག་རྒྱུ་སོགས་བོད་ནང་མུ་མཐུད་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱ་རྒྱུ།
བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་ཀྱིས་བོད་ཀྱི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་ཀྱི་རྨང་གཞི་རྩ་མེད་གཏོང་གི་ཡོད་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ།
རྒྱ་གཞུང་གིས་རང་དབང་ལུང་པའི་ནང་བསྡད་པའི་བོད་མི་རྣམས་ལ་གསང་མྱུལ་དང་། འཇིགས་སྐུལ། བཙན་བྱོལ་སྤྱི་ཚོགས་ནང་ཐེ་བྱུས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་ཐུགས་འཚབ་དང་། དཔེར་ན། ཝི་ཏི་ནམ་ནང་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་ཉར་འོག་སྐུ་གཤེགས་རྐྱེན་གསལ་ཁ་མེད་པ།
རྒྱ་གཞུང་གི་འཛིན་བཟུང་འོག་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྲལ་མར་གློད་བཀྲོལ་བཏང་ནས་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། བོད་མིའི་འཚོ་བར་རོལ་འཇུག་དགོས།
བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་དང་། རིག་གཞུང་སྲུང་སྐྱོབ་ཐོག་བཟང་སྤྱོད་དང་། དཔལ་འབྱོར་མཐུན་འགྱུར་རྒྱབ་སྐྱོར་ཡོང་བར་རྒྱལ་སྤྱིའི་གཞུང་ཁག་ལ་ཞུ་སྐུལ་བྱ་རྒྱུ་དང་། གཞིས་བྱེས་བོད་མིའི་ནུས་སྟོབས་གོང་སྤེལ་ཡོང་བར་སྲིད་བྱུས་དང་ལས་གཞིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་རྒྱུ།
༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཕེབས་རྒྱུའི་ལམ་ལུགས་མུ་མཐུད་གནས་རྒྱུ་ནི་ནང་པའི་རྗེས་འབྲངས་པ་བོད་མི་ཙམ་ལ་གལ་ཆེན་པོ་ཆགས་པ་མ་ཡིན་པར། ཞི་བདེ་དང་། རང་དབང་འདོད་མཁན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལའང་དེ་མཚུངས་གལ་ཆེན་པོ་ཆགས་ཀྱི་ཡོད་པར་ཡིད་ཆེས་ཤུགས་ཆེ་བྱ་རྒྱུ།
བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་དེ་བཞིན་ཆོས་ལུགས་ཁོ་ནའི་བྱ་བ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ཐེ་བྱུས་བྱེད་མི་ཆོག་པ།
བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར། ཨར་ཊིག་དང་། ཨན་ཊར་ཊིག་ཕུད་པའི་བོད་ནི་གཙང་ཆུ་མང་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་ཅིང་། ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཆགས་ཀྱི་ཡོད་པས། དེ་བཞིན་དོ་ཕོག་སྐྱེན་པའི་རང་བྱུང་ཁོར་ཡུག་བཅས་ལ་ངོས་འཛིན་པའི་ཐོག་དེ་སྲུང་སྐྱོབ་བྱེད་དགོས་པ།
རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་ངོས་འཛིན་གྱིས་སྐྱེ་དངོས་ཁམས་ལ་སྲུང་སྐྱོབ་དང་། ས་ཁམས་མཐོ་བའི་ཁོར་ཡུག་ལ་གཅེས་སྤྲད་བྱ་རྒྱུ།
བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། དེའི་མི་མང་གི་ཐོབ་ཐང་སྐོར་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་རྒྱུ་དང་། གོ་ལའི་གནམ་གཤིས་དང་། ཁོར་ཡུག་དང་འབྲེལ་བའི་ཚོགས་ཆེན་ཁག་གི་ནང་བོད་མིའི་མགྲིན་ཚབ་པ་སླེབ་ཐུབ་པ་བཟོ་རྒྱུ།
རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དག་སྐྱེལ་བྱེད་ཐབས་སླད། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་ལྟ་བུའི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་རིགས་ལ་དགག་ལན་བྱ་རྒྱུ་སོགས་ཀྱི་ཐོག་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་བྱ་རྒྱུ།
བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱ་རྒྱུ། རྒྱ་གཞུང་གིས་བོད་(Tibet) ཞེས་པའི་ཚབ་ཏུ་ཞིས་ཙང་(Xizang) ཞེས་བེད་སྤྱོད་བྱེད་བཞིན་པར་ངོས་ལེན་མི་བྱ་རྒྱུ།
རྒྱ་ནག་ལ་ཁ་གཏད་གཅོག་ཆེད་བཙུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་(Inter-Parliamentary Alliance on China (IPAC)) སོགས་བསམ་ཕྱོགས་མཐུན་པའི་གྲོས་ཚོགས་འཐུས་མི་རྣམ་པས་མཉམ་ལས་གནང་རྒྱུ།
བོད་དོན་ཐོག་ལས་དོན་ཚགས་ཚུད་སྤེལ་རྒྱུར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་མཉམ་ལས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱིས་འབྲེལ་མཐུད་ཀྱི་འགན་ཁུར་གཙོ་བཞེས་གནང་རྒྱུ་ཞེས་སོགས་བཀོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།