བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་དཔང་པོ་རྒྱ་གར་གཞུང་གིས་གནང་དགོས།
ཉིན་གྲངས་གཉིས་རིང་གི་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་མཇུག་བསྒྲིལ་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐབས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐོག་ག་རེ་གནང་ཐུབ་བམ་ཞེས་པའི་ཐོག་དོན་ཚན་ལྔ་ཅན་གྱི་གསུང་བཤད་གནང་ཡོད་འདུག
ཟླ་འདིའི་ཚེས་༡༦ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་རྒྱ་དཀར་ནག་གི་འབྲེལ་ལམ་དང་བོད་ཀྱི་རང་དབང་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་རྒྱ་གར་གྱི་མངའ་སྡེ་བྷི་ཧར་གྱི་རྒྱལ་ས་པཊ་ན་ལ་བསྐོང་ཚོགས་གནང་འདུག་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་རྣམ་གཉིས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དོན་ཚན་ལྔ་ཅན་གྱི་བོད་དོན་སྐོར་གསུང་བཤད་གནང་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྐབས་དེར་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས། དང་པོ། དབྱིན་ཇིས་རྒྱ་གར་དབང་བསྒྱུར་བྱེད་སྐབས་ཕྱི་ལོ་ ༡༩༡༤ ལོར་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ཡོད་པ་མ་ཟད། རྒྱ་གར་རང་བཙན་ཐོབ་མ་ཐག་ཕྱི་ལོ་ ༡༩༤༧ ལོར་རྒྱལ་ས་ལྡི་ལིར་ཨེ་ཤི་ཡའི་ཚོགས་འདུ་ཆེན་མོ་ཞིག་བསྐོང་ཚོགས་གནང་ཡོད་པ་དེར་བོད་གཞུང་གི་སྐུ་ཚབ་ཚོགས་འདུའི་ནང་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་སྐུ་ཚབ་ངོ་བོའི་ཐོག་ལྷན་ཞུགས་གནང་ཡོད་སྟབས། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་ཡིན་པའི་གནས་བབ་ཀྱི་དཔང་པོ་རྒྱ་གར་གཞུང་མང་གཉིས་ནས་གནང་དགོས་པ། གཉིས་པ། དེ་སྔ་བོད་རང་དབང་རང་བཙན་ཡིན་པའི་གནས་སྐབས་སུ་རྒྱ་གར་དང་བོད་ཀྱི་ས་མཚམས་ཁག་ཏུ་ས་སྲུང་དམག་མི་འགྲེམས་འཇོག་བྱེད་མི་དགོས་པར་ཞི་བདེའི་ངང་གནས་ཡོད་པ་དང་། འོན་ཀྱང་བོད་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་རྒྱ་དཀར་ནག་གི་ས་མཚམས་སུ་ས་སྲུང་འགྲོ་གྲོན་ཕོན་ཆེན་གཏོང་དགོས་པ་དེ་བཞིན་རྒྱ་གར་མང་ཚོགས་ཀྱིས་མཁྱེན་པ་གནང་སྟེ། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཞི་བདེའི་བསྟི་གནས་ཤིག་བཟོ་ཐུབ་པ་ཡིན་ན། རྒྱ་དཀར་ནག་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་མ་ཟད། ཨེ་ཤི་ཡ་དང་འཛམ་གླིང་ཞི་བདེ་ཡོང་རྒྱུར་ཡང་ཕན་ཐོགས་ངེས་ཅན་ཡོད་སྟབས། དེ་དོན་རྒྱ་གར་གཞུང་མང་གཉིས་ནས་བོད་དེ་ཞི་བདེ་བར་གནས་ཀྱི་བསྟི་གནས་ཤིག་བཟོ་རྒྱུར་རྒྱབ་སྐྱོར་གནང་དགོས་པ།
གསུམ་པ། བོད་ཀྱི་ཆོས་བརྒྱུད་ནི་རྒྱ་གར་གྱི་གནའ་བོའི་ཆོས་རིག་ཞིག་ཡིན་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་རིག་ཀྱང་དེ་ལ་ཐུག་ཡོད་སྟབས། ད་ལྟ་བོད་བསྟན་སྲིད་ཉག་ཕྲ་བའི་དུས་སྐབས་འདིར་བོད་མིའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་པར་རྒྱ་གར་གཞུང་མང་གཉིས་ནས་སྔར་ལྷག་རྒྱབ་སྐྱོར་དང་མཐུན་འགྱུར་གཞོག་འདེགས་གནང་དགོས། བཞི་པ། བཙན་བྱོལ་བོད་མིའི་མི་འབོར་ཆེ་ཤོས་རྒྱ་གར་ནང་གནས་ཡོད་པ་མ་ཟད། ༧གོང་ས་མཆོག་དང་བོད་གཞུང་གི་བསྟི་གནས་ཀྱང་རྒྱ་གར་ནང་གནས་ཏེ། བོད་མིའི་འཐབ་རྩོད་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་པ་མཁྱེན་གསལ་ལྟར། བཙན་བྱོལ་བོད་མིའི་འཐབ་རྩོད་ཐོག་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་ནས་གལ་གནད་ཆེ།
ལྔ་པ། ༧གོང་ས་མཆོག་ནི་འཛམ་གླིང་སའི་གོ་ལ་འདིའི་ནང་ཆེས་སྙན་གྲགས་ཆེ་བའི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། རྒྱ་གར་གནའ་བོའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐད་སྐུ་ལས་ཚད་མེད་སྐྱོན་དང་སྐྱོན་བཞིན་པར་གུས་བཀུར་མཚོན་སླད། རྒྱ་གར་གྱིས་གཟེངས་རྟགས་ཆེ་ཤོས་བྷཱ་རཏ་ རཏྣཱ་ (Bharat Ratna) འབུལ་ཐུབ་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེ་བ་དང་། དེས་བོད་མི་ཙམ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་༧མགོན་པོ་མཆོག་གི་རྗེས་འཇུག་པ་ཡོངས་ལ་དགའ་སྤོབས་སྐྱེ་འོས་པ་ཞིག་ལ་འགྱུར་རྒྱུར་སོང་། དེ་དོན་རྒྱ་གར་མང་ཚོགས་དང་། ཚོགས་སྡེ་སྒྲིག་འཛུགས་ཁག་ནས་རྒྱ་གར་དབུས་གཞུང་ལ་འབོད་སྐུལ་ཞུ་གཏུག་གནང་གལ་ཆེ་བ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག
ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་འབུམ་རམས་པ་སན་ཇེ་ པ་ས་ཝན་ (Dr. Sanjay Paswan, Former Central Minister and Union Minister) ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་པ་སློབ་དཔོན་ཆེན་མོ་སྐུ་ཞབས་ཨ་ནན་ཌི་ ཀུ་མར་ (Professor Anand Kumar, Patron India Tibet friendship Society ) དེ་བཞིན། བྷི་ཧར་ (RJD) སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། མངའ་སྡེའི་ཤེས་ཡོན་བློན་ཆེན་ཟུར་པ། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་འབུམ་རམས་པ་རཱ་མཱ་ཅན་དྷ་ར་ པུར་ཝེ་ (Dr. Ramachandra Purve, Former RJD President and Education Minister. Former Member of the Bihar Legislative Council) དང་། བྷི་ཧར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧ་རེན་དྷར་ ཀུ་མར་ (Shri Harendra Kumar, President of Bihar ITFS) ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་བྷི་ཧར་ཁུལ་གྱི་ཚོགས་གཙོ་སྐུ་ཞབས་པདྨ་ མཁའ་འགྲོ་ བྷུ་ཊིཡ་ (Shri Pema Khandu Bhutia, Regional Convener of CGTC-I) ་བཅས་ཕེབས་ཡོད་འདུག
ཐེངས་འདིའི་ཚོགས་འདུ་ཉིན་གྲངས་གཉིས་ཀྱི་རིང་། བོད་དོན་རྒྱབ་སྐྱོར་འཐུས་མི་ཁག་ཅིག་གིས་བོད་ཀྱི་རང་དབང་དེ་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། བོད་ཀྱི་རིག་གཞུང་ནི་རྒྱ་གར་གྱི་རིག་གཞུང་ཡང་ཡིན་པས་དེ་དག་རྒྱུན་མཐུད་གནས་ཐབས་ལ་བོད་ཀྱི་རང་དབང་དེ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་གནང་ནས་ཟླ་འདིའི་ཚེས་༡༧ ཉིན། ཉིན་གྲངས་གཉིས་རིང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་མཇུག་བསྒྲིལ་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།