བོད་དོན་ཆེད་རང་སྲོག་གཅོད་རྩིས་བྱས་པ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཧོ་ལན་ཌི་བོད་རིགས་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག གྲོང་ཁྱེར་ཨམ་སི་ཌམ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༡༠ ཉིན་ཧོ་ལན་ཌིའི་རྒྱལ་ས་ཨམ་སི་ཌམ་གྱི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་མི་བཞི་བརྒྱ་ལྷག་འཛོམས་ཏེ་ངོ་རྒོལ་སྐད་འབོད་བྱེད་བཞིན་པའི་སྐབས། ཧོ་ལན་ཌིར་གནས་སྡོད་བོད་མི་གཞོན་སྐྱེས་རིག་འཛིན་རྡོ་རྗེས་ལུས་ཀྱི་སྟོད་ཐུང་མར་ཕུད་ནས་རང་ཉིད་ལ་གྲི་བཙུགས་ཏེ་རང་སྲོག་གཅོད་རྩིས་བྱེད་སྐབས་ཁོང་གི་འཁྲིས་སུ་ཡོད་པའི་བོད་མི་བདེ་འཇགས་སྲུང་སྐྱོབ་མི་སྣ་ཞིག་གིས་མཐོང་སྟེ་ལམ་སེང་བཀག་ཐུབ་འདུག་ལ། དེ་མ་ཐག་ཉེན་རྟོག་པ་ཁ་ཤས་ཡོང་སྟེ་ཁོང་སར་མནན་ཏེ་ལག་གི་གྲི་དེ་བཙན་གྱིས་བླངས་ཡོད་པ་དང་། ཁོ་རང་ཉེན་རྟོག་པས་ཁྲིད་དེ་ཆུ་ཚོད་ཁ་ཤས་རྗེས་ཕྱིར་བོད་རིགས་ཚོགས་པར་རྩིས་སྤྲོད་བྱས་ཡོད་པ་དང་། བོད་རིགས་ཚོགས་པ་ནས་ཁོང་གི་ཕ་མ་གཉིས་ལ་རྩིས་སྤྲོད་ཀྱིས་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་འདུག
འདི་གའི་གསར་འགོད་པས་རིག་འཛིན་རྡོ་རྗེ་ལགས་ལ་ཁ་པར་བརྒྱུད་བཅར་འདྲི་བྱས་པས། ཁོང་གིས་གསུང་དོན་“ང་ཚོ་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་བྱེད་མཁན་མང་པོ་བྱུང་བ་རེད། ཉེ་ཆར་རང་ལོ་ཆུང་གཉིས་ཀྱིས་མེར་སྲེག་བྱས་སོང་། དེ་འདྲ་མ་གནང་རོགས་ཟེར་རྒྱུ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚང་མ་མཐུན་འབྲེལ་བྱེད་རོགས་ལབ་ནས་འབོད་སྐུལ་བྱེད་རྒྱུ་ཡིན། ང་ཚོ་མི་ཉུང་དྲག་འདུག བོད་དོན་ཆེད་སེམས་ཤུགས་ཡོད་མཁན་ཚང་མ་ལག་གདངས་སྦྲེལ་ནས། ཕྱར་གྲུ་མཉམ་འདེགས་བྱེད་རོགས། དེ་རིང་བོད་དོན་ཆེད་དུ་གཅིག་བྱེད་དགོས་བསམ་སོང་ཡང་བྱུང་མ་སོང་། འཁྲབ་སྟོན་བྱས་པ་བཞིན་ཆགས་སོང་”ཞེས་བློ་ཕམ་ཆེན་པོ་དང་ལྷན་གསུངས་སོང་།
གནད་དོན་དེའི་ཐད་ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་ཤེས་རབ་ཀྱིས་བརྗོད་དོན། “དེ་རིང་བོད་དོན་ཆེད་རང་སྲོག་གཅོད་རྩིས་བྱེད་མཁན་རིག་འཛིན་རྡོ་རྗེ་ནི་ནམ་རྒྱུན་ལས་འགུལ་སྤེལ་སྐབས་མདུན་དུ་ཐོན་ཏེ་སྐད་འབོད་ཀྱི་སྣེ་ཁྲིད་མཁན་གཞོན་སྐྱེས་སེམས་ཤུགས་ཅན་ཞིག་ཡིན་ལ། དེ་རིང་ང་ཚོས་ཁོང་ལ་བདེ་འཇགས་སྲུང་སྐྱོབ་མི་སྣའི་གྱོན་ཆས་སྤྲད་དེ་སྐད་འབོད་ཀྱི་སྣེ་ཁྲིད་པའི་འགན་སྤྲད་ཡོད་པ་རེད། གལ་སྲིད་ཁོང་གི་འཁྲིས་ཀྱི་བོད་མི་བདེ་འཇགས་སྲུང་སྐྱོབ་མཁན་དེ་ཡིས་བཀག་ཐུབ་མེད་ཚེ་དོན་དག་ཚབས་ཆེན་ཞིག་འབྱུང་རྒྱུ་ཐེ་ཚོམ་མི་འདུག ནམ་རྒྱུན་གསུམ་བཅུའི་དུས་དྲན་ཉིན་ཁོང་གིས་ནང་མི་ཚོ་ལ་ངེས་པར་དུ་ལས་འགུལ་སྤེལ་ཏུ་འགྲོ་དགོས་བ་རེད་ཅེས་ཨུ་ཚུགས་རྒྱག་གི་ཡོད་ནའང་། ཉིན་དེར་ཁོང་གིས་ཨ་མ་ལ་ཁྱེད་རང་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་དུ་མ་འགྲོ་ཞེས་ཐེངས་མང་ལབ་ཡོད་འདུག་ལ། ཁོང་གི་རུམ་ལ་གྲི་ཤུབས་མེད་ཆེན་པོ་ཞིག་བཅུག་ཡོད་པ་དང་། དེ་ནི་ཁོང་གིས་རང་སྲོག་གཅོད་རྒྱུའི་སེམས་ཐག་སྔ་མོ་ནས་བཅད་ཡོད་འདུག་”ཅེས་བརྗོད་བྱུང་།
རིག་འཛིན་རྡོ་རྗེ་ནི་ཕ་ཡུལ་སོག་རྫོང་སོག་རོང་སྨད་ནས་ཡིན་པ་དང་། ནམ་རྒྱུན་ལས་འགུལ་སྤེལ་སྐབས་མདུན་དུ་ཐོན་ཏེ་སྐད་འབོད་ཀྱི་སྣེ་ཁྲིད་མཁན་གཞོན་སྐྱེས་སེམས་ཤུགས་ཅན་ཞིག་ཡིན་འདུག་ལ། དེང་སྐབས་ཧོ་ལན་ཌིར་གནས་སྡོད་བྱེད་མུས་རེད་འདུག།
གསར་འགོད་པ་ངག་དབང་ཐར་པ།