བོད་དོན་ཆེད་རང་སྲོག་བློས་བཏང་བར་སྤོབས་པ་ཡོད།
རང་སྲེག་རྒྱ་རྒོལ་བ་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་མ་གཉིས་ཀྱིས། ཁོང་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པར་སྤོབས་པ་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་ཚོས་ཤེས་ཡོན་སྦྱངས་ནས་བོད་ཀྱི་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།
ཟླ་༧ པའི་ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པ་ཙམ་ལ་རང་སྲེག་རྒྱ་རྒོལ་བ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་དྷ་སར་གདན་འདྲེན་ཞུས་ཡོད་པ་རེད། ཞོགས་པའི་ཆུ་ཚོད་༧ པ་ཙམ་ནས་དྷ་ས་དང་ཉེ་འཁོར་གྱི་མི་མང་རྣམས་མེག་གྷན་གྱི་ཁྲོམ་དཀྱིལ་དུ་འཛོམས་འགོ་བཙུགས་ཡོད་པ་དང་། སྐབས་དེར་ཆར་པ་ཤུགས་ཆེན་པོ་བརྒྱབ་ཡོད་ཀྱང་མི་མང་ཕོན་ཆེན་སླེབས་འདུག སྐུ་ཕུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་གདན་དྲངས་ནས། མཆོད་འབུལ་སྨོན་ལམ་དང་མཉམ་དུ་མི་མང་གིས་སྐུ་ཕུང་ལ་མཇལ་ཁ་དང་མཇལ་དར་བསྒྲོན་ཡོད་པ་རེད།
བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཕ་ངག་དབང་མཁས་གྲུབ་དང་། ཨ་མ་བཀྲ་ཤིས་གཡང་འཛོམས་གཉིས་ཀྱིས་གསར་འགོད་པ་ཚོར་བརྗོད་དོན། རང་ཉིད་ཀྱི་ཕྲུ་གུ་གཞོན་སྐྱེས་སློབ་སྦྱོང་བྱེད་བཞིན་པ་ཞིག་མེད་པ་ཆགས་དུས་ཕ་མ་གཉིས་ལ་བློ་ཕམ་པོ་བྱུང་ཡང་། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་མི་ཚང་མ་སྔ་ཕྱི་མ་གཏོགས་འཆི་རྒྱུ་ཡིན་པས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་དེར་ཕ་མ་གཉིས་ལ་སྤོབས་པ་ཡོད་སྐོར་དང་། དེ་བཞིན་བསྟན་འཛིན་ཆོས་དབྱིངས་ཀྱིས་དེ་སྔོན་ཨ་མ་བཀྲ་ཤིས་གཡང་འཛོམས་ལ། ཁོང་ཕལ་ཆེར་སླར་ཡང་གུང་གསེང་སླེབས་ཐུབ་མི་སྲིད་སྐོར་གསུངས་ཡོད་འདུག་པ་དང་། ཕ་ལ་ཡང་ཕ་མ་གཉིས་ཀྱི་བཀའ་དྲིན་དྲིན་ལན་མཇལ་རྒྱུ་མ་བྱུང་བས་དུག་ལོག་ཁ་ཤས་བཞག་ཡོད་པས་གྱོན་རོགས་ཞེས་གསུངས་ཡོད་འདུག
ཕ་མ་གཉིས་ཀྱིས་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ཤེས་ཡོན་ལ་འབད་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་འཐབ་རྩོད་གནང་དགོས་པ་ལས། རང་ལུས་མེར་སྲེག་མི་གནང་བའི་འབོད་སྐུལ་ཞུས་སོང་།
ཟླ་༧ པའི་ཚེས་༡༤ ཉིན་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་ཝཱ་རཱ་ཎ་སཱིའི་གཙུག་ལག་སློབ་གཉེར་ཁང་གི་བུའི་སྡོད་ཁང་གི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་སྲེག་གནང་ཡོད་པ་རེད། ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་པའི་ནང་། བོད་དང་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱོང་བའི་བློ་མིག་ཕྱེ་ཆེད་དུ་མེར་སྲེག་གནང་བ་ཡིན་སྐོར་འཁོད་ཡོད་པ་རེད།
ཐོག་མར་ས་གནས་དེ་གའི་སྨན་ཁང་ཆེ་གྲས་ཤིག་ཏུ་སྨན་བཅོས་བྱས་ཡོད་པ་དང་། ཟླ་༧ པའི་ཚེས་༢༠ ཉིན་ཝཱ་རཱ་ཎ་སཱི་ནས་རྒྱལ་ས་ལྡི་ལི་བར་ དམིགས་བསལ་ནད་པ་མྱུར་སྐྱོབ་ཀྱི་གནམ་གྲུ་བརྒྱུད་འཁྱེར་ནས། དེ་གའི་ སྨན་ཁང་ཆེ་གྲས་ས་ཌར་ཇོང་དུ་སྨན་བཅོས་བྱས་ཡོད་པ་རེད། འོན་ཀྱང་ཟླ་༧ པའི་ཚེས་༢༡ ཉིན་ཁོང་གི་གནས་སྟངས་ཛ་དྲག་ཆགས་ནས། ཟླ་༧ པའི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༤ དང་སྐར་མ་༥༠ ལ་གྲོངས་འདུག
ཁོང་ནི་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཀོ་ལི་གྷལ་ཡིན་པ་དང་། ཝར་ཎ་མཐོ་སློབ་ཏུ་དབུ་མ་གོང་མའི་འཛིན་རིམ་དང་པོའི་སློབ་མ་ཡིན་པ་དང་། དེ་གའི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། རྒྱུན་དུ་ནས་བོད་དོན་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཁར། བོད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་ཉེ་འཁོར་ཚོས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཟླ་༧ པའི་ཚེས་༢༦ ཉིན་བསྟན་འཛིན་ཆོས་དབྱིངས་ལགས་སུ་མྱ་ངན་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། དེ་རྗེས་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད།
ཁོང་ནི་བཙན་བྱོལ་ནང་དུ་བོད་དོན་ཆེད་རང་ལུས་མེར་སྲེག་གནང་ནས་གྲོངས་རྗེས་དྷ་སར་སྐུ་ཕུང་ཞུགས་འབུལ་གནང་བ་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།