བོད་དོན་ཆེད་རྒྱང་ཐག་ཀི་ལོ་མི་ཊར་༢༠༠༠ ལས་མང་བའི་གོམ་བགྲོད་མགོ་འཛུགས་གནང་སོང་།

 ཟླ་༡༡ པའི་ཚེས་༢ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ། བོད་མི་གཞོན་སྐྱེས་བསྟན་འཛིན་དོན་གྲུབ་ཀྱིས་མེག་གྷན་ནས་རྒྱ་གར་བྱང་ཤར་གྱི་ས་མཚམས་རྣ་ཐོས་ལ་བར། ཁེར་རྐྱང་གི་བོད་དོན་ཆེད་དུ་ཞི་བའི་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་སོང་ལ། གོམ་བགྲོད་ཀྱི་རྒྱང་ཐག་ནི་ཀི་ལོ་མི་ཊར་༢༠༠༠ ལས་མང་བ་ཡིན་འདུག 

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་ཆེད་ཕེབས་ཀྱིས། ཁོང་ལ་མཇད་དར་བསྒྲོན་པ་དང་། ཁོང་གིས་གསུང་དོན་ལ། གོམ་བགྲོད་དེ་ནི་ཁོང་རང་ཉིད་སྒེར་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ལམ་སྟོན་དང་མཐུན་སྦྱོར་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབྲེལ་བ་བྱས་ནས་རྒྱབ་སྐྱོར་ཐོབ་ཡོད་པ་ཞིག་ཡིན་ཁར། གལ་སྲིད་ལམ་བར་དུ་གནད་དོན་ལྷག་ཚེ་འགན་ཡོངས་རྫོགས་རང་ཉིད་ལ་ཡོད་པའི་ཡི་གེར་མིང་རྟགས་བཀོད་ཟིན་སྐོར་དང་། ཉེ་ཆར་ཁོང་ལས་ལོ་ན་མཐོ་བའི་བོད་མི་གསུམ་གྱིས་མ་ནཱ་ལི་ནས་ལྡི་ལི་བར་བོད་དོན་ཆེད་གོམ་བགྲོད་ལས་འགུལ་སྤེལ་བར་བརྟེན་ཁོང་ལ་ལས་འགུལ་འདི་སྤེལ་རྒྱུའི་སེམས་ཤུགས་སྐྱེས་ཡོད་སྐོར་གསུངས་སོང་།

ལས་འགུལ་དེ་ཟླ་བ་ཁ་ཤས་འགོར་སྲིད་པ་དང་། ལས་འགུལ་དེའི་དགོས་འདུན་གཙོ་བོ་གསུམ་ནི་བོད་ནང་གི་ཁོར་ཡུག་གནས་སྟངས་ཐོག་ཛ་དྲག་ཐོག་དོ་སྣང་བྱེད་དགོས་པ། རྒྱལ་སྤྱིའི་ཐོག་ནས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཡིན་པ་ངོས་འཛིན་བྱེད་དགོས་པ། རྒྱ་ནག་གི་ཚོང་ཟོག་ཉོ་མཚམས་བཞག་ནས་ཉེ་ཆར་ཧིན་བོད་ས་མཚམས་སུ་དྲག་རྒོལ་བྱས་པར་ཉེས་ཆད་ངེས་པར་དུ་གཏོང་དགོས་པ་བཅས་རེད་འདུག དེ་བཞིན་ཁོང་གིས་ལས་འགུལ་འདི་བརྒྱུད་ནས་ཁོང་འདྲ་བའི་གཞོན་སྐྱེས་ཚོར་སེམས་འགུལ་ཐེབས་པ་དང་བོད་དོན་ཐོག་ཚོར་བ་སླེབས་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་། 

བསྟན་འཛིན་དོན་གྲུབ་ནི་བོད་ཁྱིམ་གོ་པལ་པུར་གྱི་སློབ་ཟུར་ཞིག་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།