བོད་དོན་དང་སྒྱུ་རྩལ་གྱི་ལམ་བུ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༠ ཕྱི་ལོ་ ༢༠༡༥/༡༡/༢༥
མིའི་སྤྱི་ཚོགས་སུ་དོ་སྣང་དང་ཤུགས་རྐྱེན་སླེབས་པར་ཐབས་ལམ་འདྲ་མིན་མང་པོ་ཡོད་པ་དང། བོད་ལ་མཚོན་ན་རང་བཙན་ཤོར་ནས་བོད་མི་མང་པོ་ཞིག་མིའི་ལུང་པར་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཡོད་པ་མ་ཟད། གཞིས་བཞུགས་རྒྱ་ཆེའི་མི་མང་རྣམས་རྒྱ་དམར་དྲག་པོའི་གཞུང་གི་བཙན་གནོན་དམ་དྲག་དང་སུན་གཙེར་སྣ་ཚོགས་ཀྱི་འོག་ཏུ་གནས་དགོས་བྱུང་ཡོད། བོད་པའི་དཀའ་ངལ་སེལ་ཐབས་དང། བོད་དོན་རྒྱལ་སྤྱིའི་སྟེང་དུ་ཁྱབ་བསྒྲགས་དང་རྒྱབ་སྐྱོར་འཚོལ་ཐབས་བྱེད་པར་ཆབ་སྲིད་ཀྱི་ལས་འགུལ་ཁོ་ནའི་ཐོག་ནས་ནུས་པ་དེ་ཙམ་ཐོན་ཐུབ་ཀྱི་མེད་པ་དང། འབོད་སྐུལ་ཁོ་ན་ལ་བརྟེན་ནས་ཀྱང་ཤ་ཚ་སྙིང་རྗེ་བྱེད་མཁན་དཀོན་ཚོད་དུ་གྱུར་ཡོད། ཆོས་ཕྱོགས་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་བྱེད་མཁན་ཡོད་ནའང། ཆོས་དང་ཆབ་སྲིད་ཀྱི་འཕྲལ་ཕུགས་དམིགས་འདུན་མི་གཅིག་པའི་ཆ་ནས་མཉམ་བསྲེས་བྱས་ན་ཕན་ལས་གནོད་དུ་འགྱུར་བའང་ཡོང་སྲིད། དེར་བརྟེན་བོད་དོན་ལས་འགུལ་གྱི་ཟུར་གཅིག་ལྷག་ཡོད་པ་ནི་སྒྱུ་རྩལ་གྱི་ལམ་ལ་བརྟེན་ནས་མིའི་སེམས་ཁམས་ལ་གཡོ་འགུལ་ཐེབས་ཐུབ་པ་ཞིག་བྱེད་དགོས་སྙམ།

སྒྱུ་རྩལ་ཞེས་པ་དེ་ཁྱབ་ཁོངས་རྒྱ་ཆེན་པོ་དང། རྣམ་གྲངས་མཐའ་ཡས་པ་ཞིག་ཡིན་ཡང། དུས་རབས་དང་མཐུན་པའི་སྒྱུ་རྩལ་གྱི་ལམ་བུ་ཞིག་བརྒྱུད་དགོས་པ་ཧ་ཅང་གལ་ཆེ། དཔེར་ན་རྒྱ་དམར་གཞུང་གིས་གློག་བརྙན་སྒྱུ་རྩལ་བེད་སྤྱད་ནས་ཉི་ཧོང་དང་རྒྱ་ནག་གི་འགལ་ཟླ་དང། འཁོན་འཛིན་དེ་མི་མང་གི་སེམས་ནང་དུ་འཇགས་ཐབས་བྱེད་བཞིན་པ་དང། ལོ་རྒྱུས་ཀྱི་གནས་བབས་ལ་འཁྱོག་བཤད་ཀྱི་རྒྱབ་ལྗོངས་བྱས་ནས་གློག་བརྙན་འཁྲབ་སྟོན་བྱས་པའང་བགྲང་གིས་མི་ལོངས་པ་ཞིག་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་གློག་བརྙན་འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་གསོ་སྐྱོང་དང། མཐུན་རྐྱེན་ཆ་ཚང་སྦྱར་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བདེན་དོན་གནས་བབས། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་དང། བོད་པའི་འཐབ་རྩོད་ཀྱི་ངར་ཤུགས་མི་ཉམས་པའི་ཆེད་དུ་མི་རབས་གསར་པ་རྣམས་ཀྱི་སེམས་ལ་འཇགས་བདེ་བའི་གློག་བརྙན་སྣ་ཚོགས་ཚད་ལྡན་གྱི་ཐོག་ནས་འཁྲབ་སྟོན་བྱེད་ཐུབ་ན། རང་བཞིན་གྱིས་སེམས་འགུལ་ཐེབས་ངེས་རེད།

དེ་ཡང་གཙོ་བོ་སྒྱུ་རྩལ་གྱི་ཐབས་ལམ་ཁོ་ན་རྩལ་འདོན་བྱེད་པ་ལས། ཆབ་སྲིད་ཀྱི་རྣམ་པ་ཧ་ཅང་གསལ་པོ་མ་ཡིན་པའི་ཐོག་ནས་འཁྲབ་སྟོན་དང། སྒྲིག་བཟོ་སོགས་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་པའི་འབད་བརྩོན་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། བཙན་བྱོལ་བོད་མི་ཕལ་མོ་ཆེའི་གནས་ཡུལ་རྒྱ་གར་ནི། འཛམ་གླིང་གི་ཁྲོད་དུ་གློག་བརྙན་སོགས་སྒྱུ་རྩལ་གྱི་ཕ་ས་ལྟ་བུར་གྱུར་ཡོད་པས། མིག་དཔེ་བལྟ་ཡུལ་དང་ལམ་སྟོན་ཞུ་ཡུལ་མི་རྙེད་པའི་དཀའ་ངལ་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། གློག་བརྙན་དང་འབྲེལ་བའི་ལས་དོན་ཐོག་ལ་འགྲོ་སོང་ཧ་ཅང་ཆེ་བ་དང། འཛམ་གླིང་ཤར་ནུབ་ཀྱི་རྒྱས་སྤྲོས་ཅན་གྱི་གློག་བརྙན་འཁྲབ་སྟོན་བྱས་པ་བཞིན་བྱེད་མི་ཐུབ་པ་སྨྲོས་མེད་ཡིན་ཡང། དགོས་ངེས་ལ་འགྲོ་སོང་གཏོང་ཐུབ་པར་ཕྱོགས་ཡོངས་ནས་ཐབས་འཚོལ་རྒྱབ་སྐྱོར་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ཆབ་སྲིད་ཀྱི་དྲིལ་བསྒྲགས་ཙམ་རྩལ་འདོན་མ་བྱས་པར། སྒྱུ་རྩལ་གྱི་ཁ་ཕྱོགས་ཚད་ངེས་ཅན་ཞིག་ཏུ་བསྐྱོད་ཐུབ་པར་འབད་བརྩོན་བྱས་ན་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན་པ་ནི་སྨྲོས་མ་དགོས་པ་རེད།

བོད་ནང་ནས་གློག་བརྙན་འཁྲབ་སྟོན་དང་དེའི་སྒྱུ་རྩལ་གྱི་ཕྱོགས་ལ་འབད་བརྩོན་བྱེད་མཁན་ཡོང་གི་ཡོད་པ་དང། རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཟེངས་རྟགས་ཀྱང་རེ་ཟུང་ཞིག་ཐོབ་ཡོད་པ་རེད། ཉེ་ཆར་ཡང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང། འཁྲབ་གཞུང་རྩོམ་པ་པོ་པདྨ་ཚེ་བརྟན་ལ་གསེར་གྱི་རྟ་མཆོག་གི་གཟེངས་རྟགས་ཐོབ་ཡོད་པ་རེད། བཙན་བྱོལ་ནང་དུའང་གློག་བརྙན་ཁག་ཅིག་ལ་རྒྱལ་སྤྱིའི་སྟེང་ནས་དོ་སྣང་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པ་བྱུང་ཡོད། མ་འོངས་པར་ལས་རིགས་དེའི་ཐོག་ལ་མི་རྒྱུ་གཉིས་ཐད་ནས་ཤུགས་རྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་དཀའ་ལས་ཁག་ཤོས་ནི་རིགས་གཅིག་རྐང་འཛིན་གྱི་འཁྲབ་སྟོན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང། ན་གཞོན་ཁག་ཅིག་འཁྲབ་སྟོན་བྱ་རྒྱུའི་ལྷན་སྐྱེས་ཀྱི་ཤེས་རབ་དང། སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་ཐོབ་པའི་དབང་དུ་བཏང་ཡང། ཆེད་ལས་དེ་གཡུགས་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་བསྐྱོད་ཐབས་བྱེད་པ་ལས། ལས་རིགས་དེ་གཉེར་ནས་མུ་མཐུད་སྡོད་མཁན་ནི་ཧ་ཅང་དཀོན་པོར་འགྱུར་ངེས་རེད།

བཙན་བྱོལ་སྤྱི་ཚོགས་ནང་གཞུང་ཞབས་དང། དགེ་རྒན། གླུ་བ། གླུ་མ། རྩོམ་པ་པོ་དང། གསར་འགོད་པ། རི་མོ་བ་སོགས་ཆེད་ལས་གཅིག་གི་ཐོག་ལ་ཧུར་བརྩོན་བྱས་ནས་གྲུབ་འབྲས་ཐོན་ཐུབ་མཁན་ནི་དཀོན་པོ་རེད་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཟུར་ངོས་མང་པོ་ཞིག་ལ་མ་འདེང་བ་དང་མ་ཚང་བའི་གནས་ཚུལ་སྣ་ཚོགས་མཐོང་རྒྱུ་ཡོད། ལས་རིགས་འདིའི་ངོས་ནས་ཀྱང་འཁྲབ་སྟོན་པའི་དཀའ་ངལ་འཕྲད་ངེས་ཡིན་ནའང། ད་ཆ་ང་ཚོར་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ནས་ཁེ་ཕན་རག་པ་ཧ་ཅང་ཉུང་ཉུང་ཡིན་ཞིང། ཐབས་ལམ་དེ་གཅིག་པུ་ལ་བརྟེན་ནས་རེ་བ་རྒྱག་ཡུལ་ཞིག་རྙེད་ཁག་པོ་རེད། དེར་བརྟེན་བོད་དོན་འཐབ་རྩོད་ཀྱང་སྒྱུ་རྩལ་གྱི་ལམ་དུ་འཁྲིད་ཐབས་བྱས་ན་ཆབ་སྲིད་ལ་དོ་སྣང་ཡོད་མེད་ཚང་མས་དེ་ལ་དོ་སྣང་དང་རྒྱབ་སྐྱོར་ཡོང་བའི་རེ་བ་ཆེན་པོ་ཡོད་པས། ཐབས་ལམ་དེ་ཡང་ཡར་བར་འདོར་མི་རུང་བ་དང། རྩོམ་ཡིག་དང་རི་མོ་སོགས་ལ་བརྟེན་ནས་ཀྱང་ཤུགས་རྐྱེན་ཐེབས་ཐུབ་པར་འབད་བརྩོན་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།